དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པུ་རུ་ནེ་དང་ཀྲུང་གོའི་མཉམ་ལས་ལ་བར་མཐོངས་ཆེན་པོ་ཡོད།

    ​—— པུ་རུ་ནེ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཅ་ཧྥུའུ་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལི་མེང་། ཀྲུའུ་ལི་ལི།   |     སྤེལ་དུས།  2025-02-11

    ཉིན་ཤས་གོང་། པུ་རུ་ནེ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཅ་ཧྥུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག པུ་རུ་ནེ་དང་ཀྲུང་གོའི་དབར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད། རྒྱལ་ཁབ་གཉིས་པོས་མཉམ་ལས་གཏིང་ཟབ་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཐོགས་བྱུང་ནས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་བར་རམ་འདེགས་ཐུབ་ཡོད་ཅེས་བརྗོད།

    ཁྲེན་ཅ་ཧྥུའུ་ཡིས། ཉེ་བའི་ལོ་ཤས་རིང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག པུ་རུ་ནེ་དང་ཀྲུང་གོའི་དབར་གྱི་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་སྤེལ་བ་དེས་པུ་རུ་ནེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། པུ་རུ་ནེའི་དམངས་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་པུ་རུ་ནེའི་མོ་ལ་གྲུ་ཁ་འཛུགས་སྐྲུན་ནང་མཉམ་ལས་བྱས་པས་གྲུ་ཁའི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ཟོག་འགྲུལ་ཤར་གཏོང་ལའང་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་པུ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། 2014ལོར“ཀོང་ཤིས་དང་པུ་རུ་ནེའི་དཔལ་འབྱོར་བར་ཁྱམས”སྐྲུན་འགོ་ཚུགས་པ་དང་། 2017ལོར་ཀྲུང་གོའི་ཀོང་ཤིས་བྱང་རྒྱུད་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཚོགས་པ་དང་པུ་རུ་ནེའི་ཁེ་ལས་དབར་མ་རྩ་མཉམ་འཇོག་བྱས་ནས་མོ་ལ་གྲུ་ཁ་ཚད་ཡོད་ཀུང་སི་བཙུགས་པ། 2019ལོར་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་ཧེང་དབྱི་རྡོ་སྣུམ་རྫས་འགྱུར་ཏ་མོ་ལ་གླིང་ཕྲན་གྱི་ཕྱོགས་བསྡུས་བཙོ་སྦྱངས་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ། 2023ལོར་པུ་རུ་ནེར་ཀྲུང་གོར་གཏོང་བའི་དོས་སྒམ་ཤར་བགྲོད་གྲུ་ལམ་དངོས་སུ་ཤར་གཏོང་བྱས་པ། རྒྱལ་ཁབ་གཉིས་པོས་མི་ཆོས་རིག་གནས་དང་། ལུས་རྩལ། རྒྱུད་འདྲེས་ཆུ་འབྲས་བཅས་ཀྱིས་ཚབ་མཚོན་བྱས་པའི་ཞིང་ལས་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་བ་བཅས་རེད།

    རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་སྐོར་གླེང་སྐབས། ཁྲེན་ཅ་ཧྥུའུ་ཡིས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཀྱི་ཁྱབ་ཁོངས་ཧ་ཅང་སྣ་མང་ཅན་ཡིན་པ་མ་ཟད། དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཕུད། རྒྱལ་ཁབ་གཉིས་པོས་སློབ་གསོ་དང་། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་མུ་མཐུད་མཉམ་ལས་གཏིང་ཟབ་བྱ་རྒྱུ་དང་། ལྷག་པར་དུ་ཡུལ་སྐོར་ཐད། མིག་སྔར་ཀྲུང་གོ་བ་མང་པོ་ཞིག་གི་ངོས་ནས་བརྗོད་ཚེ། པུ་རུ་ནེ་ནི་སྔར་བཞིན་བལྟོས་བཅས་ཀྱིས་ངོ་མཚར་ཆེ་བའི་གནས་ཤིག་ཡིན་པས། འབྱུང་འགྱུར་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་པུ་རུ་ནེར་འོང་ནས་དེའི་མཛེས་ལྗོངས་ལ་ལྟ་སྐོར་བྱས་ཏེ་པུ་རུ་ནེའི་དུས་བདེ་འཆམ་མཐུན་གྱི་རྣམ་པ་མྱོང་རོལ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།