དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མྱུར་འགྲན་འཁྱགས་ཤུད་རུ་ཁག་ལ་གསེར་གྱི་རྟགས་མ་3ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཐའོ་ཤང་ཨན། ཅི་ཧྥང་།   |     སྤེལ་དུས།  2025-02-11

    འདི་ནི་ཟླ་2ཚེས་8ཉིན་ཀྲུང་གོའི་བདམས་ཐོན་པ་ཀའོ་ཐིང་ཡུས་ཀྱིས་སྐྱེས་པའི་མྱུར་འགྲན་འཁྱགས་ཤུད་སྨི་100ཡི་འགྲན་བསྡུར་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ལི་ཡན་ཧྥེ་ཡིས་པར་བརྒྱབ།

    “ཁྱིམ་གྱི་སྒོ་རྩར་འགྲན་བསྡུར་བྱེད་སྐབས་དེ་བས་ཀྱང་བློ་རྩེ་གཅིག་སྒྲིམ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས”ཞེས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མྱུར་འགྲན་འཁྱགས་ཤུད་སྨི་100ཡི་འགྲན་རར་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཀའོ་ཐིང་ཡུས་ཀྱིས་སྙིང་སྟོབས་ཆེན་པོས་དེ་ལྟར་བཤད།

    འགྲན་བསྡུར་འདིའི་ནང་མཇུག་ཤོས་ཞུགས་མཁན་ཀའོ་ཐིང་ཡུས་ཀྱིས་ནུས་ཤུགས་ཡོད་རྒུས་བཤུད་བགྲོད་བྱས་ནས་ཨང་དང་པོར་སྐྱོད་ཅིང་། ཀའོ་ཐིང་ཡུས་ཀྱིས་ཧ་སག་སི་ཐན་རུ་ཁག་གི་བདམས་ཐོན་པ་ཡེ་ཕུའུ་ཀེན་ཉི·ཁུ་ཧྲི་ཅིན་གྱི་སྐར་ཆ་9དང་47གྱི་གྲུབ་འབྲས་ལས་སླར་ཡང་སྐར་ཆ་0.12མགྱོགས་པ་བྱུང་སྟེ་སྐར་ཆ་9དང་35ཡི་གྲུབ་འབྲས་ཐོག་ནས་ཨེ་ཤེ་ཡའི་ཟིན་ཐོ་དང་འགྲན་བསྡུར་དེའི་ཟིན་ཐོ་གསར་པ་བཏོད་དེ་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་མྱུར་འགྲན་འཁྱགས་ཤུད་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་བླངས་པ་རེད།

    སྐྱེས་པའི་མྱུར་འགྲན་འཁྱགས་ཤུད་སྨི་100ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཤིག་མིན་མོད། འོན་ཀྱང་ཀའོ་ཐིང་ཡུས་ཀྱིས་འགྲན་བསྡུར་རེ་རེ་དང་སྦྱོང་བརྡར་ཚང་མར་ལྟ་སྟངས་ནན་ཏན་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཉེ་བའི་ལོ་གཉིས་རིང་། ཁོང་གིས་སྨི་100ཡི་རྣམ་གྲངས་སྦྱོང་བརྡར་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། “དེས་ངས་སྨི་500ཡི་རྣམ་གྲངས་སྦྱོང་བརྡར་བྱེད་པར་ཕན་ཐོགས་ཆེན་པོ་འདུག”ཅེས་བཤད།

    འཐབ་གྲོགས་ཚོས་ཀའོ་ཐིང་ཡུས་ཀྱི་རེ་བ་ཆུད་ཟོས་སུ་བཏང་མེད། དེ་རྗེས་སྤེལ་བའི་སྐྱེས་པའི་སྨི་1500ཡི་འགྲན་བསྡུར་ཁྲོད། ཉིང་ཀྲུང་ཡན་གྱིས་སྐར་མ་1སྐར་ཆ་45དང་85ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད། “འགྲན་བསྡུར་མ་བྱས་གོང་ངས་རང་ཉིད་ལ་དམིགས་ཚད་གཏན་འཁེལ་བྱས་ནས་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱས་པ་ཡིན། ངས་སྒྲུབ་ཐུབ་སོང”ཞེས་གསེར་གྱི་རྟགས་མ་ཐོབ་རྗེས་ཉིང་ཀྲུང་ཡན་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    ཉིན་དེར་སྤེལ་བའི་མྱུར་འགྲན་འཁྱགས་ཤུད་འགྲན་བསྡུར་མཐའ་མ་དེའི་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧན་མེ་དང་། དབྱང་པིན་ཡུས། དབྱིན་ཆི་བཅས་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་བུད་མེད་ཀྱི་སྨི་1500ཡི་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་ཡོད། “ངས་ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་རང་ཉིད་ཀྱི་ཆུ་ཚད་ལ་ཞིབ་བཤེར་བྱས་པ་ཡིན། མཐའ་མའི་སྐོར་བ་གཉིས་ལ་དེ་ཙམ་ནུས་པ་ཐོན་མ་སོང་ཡང་སྟབས་ལེགས་པ་ཞིག་ལ་འགྲན་བསྡུར་བདེ་བླག་ངང་མཇུག་འགྲིལ་སོང”ཞེས་གསེར་གྱི་རྟགས་མ་བླངས་རྗེས་ཧན་མེ་ཡིས་སེམས་རྣལ་དུ་ཕབ་ནས་དེ་ལྟར་བཤད། “དེ་བས་ཆེ་བའི་་འགྲན་རར་ད་དུང་སྟོབས་ཤུགས་དེ་བས་ཆེ་བའི་བདམས་ཐོན་པ་མང་པོ་ཡོད་པས་ང་ཚོས་ད་དུང་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།