སྲིད་ཇུས་དང་ཁྲོམ་རས་མཉམ་དུ་འཛད་སྤྱོད་རིམ་སྤོར་ལ་སླར་ཡང་སྐུལ་འདེད་བཏང་བ།
2024ལོར་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་སླར་གསོ་རྒྱུན་མཐུད་བྱུང་བ།
འདི་ནི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་གྲོང་མིས་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་ཤིང་ཏོག་ཉོ་བཞིན་པ།
འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་ཆེད། 2024ལོར། ལྗོངས་ཡོངས་ཀྱིས་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)བཅས་རིམ་གསུམ་མཉམ་འགུལ་གྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས། འཚོ་བ་གསར་པར་ལོངས་སྤྱོད”ཀྱི་རིམ་སྤེལ་བྱེད་སྒོ་དང་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་སྤེལ་བར། འཛད་སྤྱོད་སྒོར་དུང་ཕྱུར་59.83ཟིན་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད། “འཛད་སྤྱོད་སྐུལ་སྤེལ་ལོ”དང་འཛད་རྫས་རྙིང་པ་གསར་པར་བརྗེ་བ་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་དོན་འཁྱོལ་ལ་སྐུལ་འདེད་རྒྱུན་མཐུད་བཏང་བར། ཁྲོམ་རའི་གསོན་ཤུགས་ཆེས་ཆེར་འཕེལ་ཡོད་པ་རེད།
2024ལོར། བོད་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་943.44ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ནས། འཕར་ཚད་ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞིས་རྩེ་ཧྲེན་ལི་དུས་རབས་ཐང་ཆེན་གྱི་ཅིང་ལི་ཝང་ལགས་ཀྱིས“ང་ཚོས་2023ལོའི་ཟླ་བཅུ་གཅིག་པ་ནས་བཟུང་ཚོང་གཉེར་བྱེད་འགོ་བཙུགས་ཚུན་ཚོང་ཧ་ཅང་ཡག་པོ་འདུག 2024ལོའི་ཟླ་བཅུ་པ་བར་ཚོང་ར་ཡོངས་ཀྱི་ཚོང་གཉེར་བྱེད་ཚད་སྒོར་དུང་ཕྱུར་3.06དང་ཚོང་འགྲུལ་མི་ཐེངས་ཁྲི་430ལྷག་ཙམ་ཟིན་ཡོད། 2024ལོར། སྟབས་ལེགས་པ་ཞིག་ལ་ང་ཚོའང་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་ཚོང་ར་འཛུགས་གཏོད་ཀྱི་ཚད་ལོན་ཁེ་ལས་ཁག་གཉིས་པའི་གྲས་སུ་བདམས་ཐོན་བྱུང་། འབྱུང་འགྱུར་ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་མུ་མཐུད་བསྟར་ནས་ནུས་རྒྱུ་གྲོན་ཆུང་གི་སྒྲིག་ཆས་བེད་སྤྱོད་དང་ལྗང་མདོག་མཁོ་སྤྲོད་འཁོར་སྦྲེལ་དོ་དམ་སོགས་ཕྱོགས་མང་པོའི་ཐད་ནས་འཛད་སྤྱོད་པ་ཚོར་ཁོར་ཡུག་ལ་དེ་བས་སྲུང་སྐྱོང་དང་དེ་བས་སྐྱིད་སྣང་དོད་པའི་ཟོག་ཉོའི་ཁོར་ཡུག་ཅིག་གཏོད་ཀྱི་ཡིན”ཞེས་བཤད། གྲངས་གཞི་འདི་དག་གི་ཤུགས་སུ་རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་ཕྱོགས་ཡོངས་ནས་སླར་གསོ་བྱུང་སྟེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡར་འགྲོ་ཡར་འཕེལ་བྱུང་བ་མཚོན་ཡོད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་འཛད་སྤྱོད་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་ཝུའུ་ཧྲོའུ་ཏེ་ཡིས། འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ཆེད། 2024ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཛད་སྤྱོད་ཆེ་གྲས་དང་འཛད་སྤྱོད་གསར་པ་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་པར། རླངས་འཁོར་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་ལ་སྐུལ་ཁྲིད་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང་། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི“དོན་ཚན་བརྒྱད”དང་། ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་བཏོན་པར། པེ་ཅིང་ཐུང་རེན་ཐང་དང་། ཆོན་ཅུས་ཏེ། ཝང་ཧྥུའུ་ཅིན། རུའེ་ཤིན་ཀོག་ཧྥེ་སོགས་སྤུས་རྟགས་ཁག་གཅིག་གིས་བོད་དུ་ཚོང་ཁང་དང་པོ་བཙུགས་པ། ཁག་གཉིས་པའི“བོད་ཀྱི་རྙིང་ཁུངས་མིང་ཅན”12ཁས་ལེན་གཏན་འཁེལ་བྱས་པ། ཁག་དང་པོའི“བོད་ཀྱི་གནོད་མེད་བཟའ་བཏུང་ཁེ་ལས”35དཔྱད་བསྡུར་གཏན་འཁེལ་དང་། ཁག་གཉིས་པའི“ལྗང་མདོག་ཚོང་ར”2བཙུགས་པ། ཚོང་ལས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་མང་པོ་བསྐྲུན་ཏེ་མཚན་མོའི་དཔལ་འབྱོར་གྱི་ཁྱད་ལྡན་ཁྲོམ་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་སྐྲུན་མགྱོགས་སུ་བཏང་ཁར་ལྷོ་ཁ་གྲོང་ཁྱེར་ལ་མཛུབ་ཁྲིད་བྱས་ནས་ཚོད་ལྟའི་གྲོང་ཁྱེར་ཁག་བཞི་པ་རེ་ཞུ་ཐུབ་པར་བྱས་པས། ལྗོངས་ཡོངས་སུ་ཚོད་ལྟའི་གྲོང་ཁྱེར་ཁག་5ཟིན་ཡོད་ཅེས་ངོ་སྤྲོད་བྱས།
ཝུའུ་ཧྲོའུ་ཏེ་ཡིས། རླངས་འཁོར་འཛད་སྤྱོད་ཁྱབ་ཁོངས་སུ། ན་ནིང་རང་ལྗོངས་ཀྱི་བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་རླངས་འཁོར་རིགས་ཀྱི་ཚོང་ཟོག་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་82.96ཟིན་ནས་དུས་མཚུངས་ལས་2.5%འཕར་ཡོད། སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་འདུ་ཤེས་ལ་འགྱུར་ལྡོག་བྱུང་སྟེ། ལྗང་མདོག་འགྲོ་སྐྱོད་དར་སྤེལ་གཏོང་མཁན་མང་དུ་འགྲོ་བཞིན་ཡོད། 2024ལོར་ལྗོངས་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་8559གསར་དུ་ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་133.3%འཕར་ཡོད་ཅེས་ངོ་སྤྲོད་བྱས།