2024ལོར་བོད་ཀྱི་ཁེ་ལས་ལ་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་255.28ཟིན་པ།
དུས་མཚུངས་ལས་42.09%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། 2024ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་གི་སྐུལ་འདེད་ནུས་ལྡན་འོག་བོད་ཀྱི་ཁེ་ལས་ཀྱིས་མ་རྩའི་ཁྲོམ་རའི་མ་དངུལ་བསྡུ་སྒྲིལ་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ། མ་རྩའི་ཁྲོམ་ར་སོགས་བརྒྱུད་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་255.28ཟིན་པ་དང་དམིགས་ཚད་127.64%ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་42.09%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་གིས་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་སོགས་ཚན་པ་13སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་མ་དངུལ་བསྡུ་སྒྲིལ་ཁོར་ཡུག་གི་ཟླ་རེའི་གནས་ཚུལ་སྙན་སེང་ཞུ་བ་དང་འབྲེལ་ཡོད་གནད་དོན་སྐུལ་འདེད་གཏོང་བ་སོགས་རྒྱུན་གཏན་གྱི་ལས་དོན་ལ་རྒྱུན་མཐུད་དམ་འཛིན་བྱས་པ་དང་། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྤྱི་འདོམས་བཀོད་གཏོང་སོགས་ཀྱི་གཙོ་གནད་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱས་པ། བོད་རང་སྐྱོང་ལྗོངས་ཀྱི་མ་དངུལ་བསྡུ་སྒྲིལ་ཁོངས་གཏོགས་ཀྱི་བཞུགས་མོལ་ཚོགས་འདུ་དང་ཁྲོམ་ཞུགས་དང་ཁྲོམ་ཞུགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་སོགས་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཉན་ནས་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་བརྟན་པོ་བཏང་ཡོད་པ་རེད།