ས་མཐོའི་གེགས་ཁུལ་དུ་དཔྱིད་དཔལ་བཞད་པ།
ས་ཡོམ་བརྒྱབ་ནས་ཟླ་བ་གཅིག་གི་རྗེས་སུ་སླར་ཡང་དིང་རིར་བཅར་འདྲིར་བསྐྱོད་པ།
ཟླ་1ཚེས་7ཉིན། བོད་ལྗོངས་དིང་རིར་གློ་བུར་དུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་རྣམས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད། ཟླ་2ཚེས་7ཉིན་གསར་འགོད་པ་སླར་ཡང་གེགས་ཁུལ་ལ་སྐྱོད་སྐབས། དེར་རེ་བ་གསར་པས་ཁེངས་པའི་རྣམ་པ་ཞིག་མཐོང་བྱུང་།
དུས་ཐུང་ཟླ་བ་གཅིག་ཙམ་རིང་། བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཕྱོགས་ཁག་ཚང་མའི་རོགས་སྐྱོར་འོག འཕྲལ་མར་རོགས་སྐྱོབ་དང་། དངོས་ཟོག་མཁོ་སྤྲོད། བར་བརྒལ་བཀོད་སྒྲིག་སོགས་གེགས་སེལ་གྱི་ལས་དོན་མང་པོ་ཞིག་གེགས་ཁུལ་དུ་འཕྲལ་མར་སྤེལ་ཞིང་། ལྟོ་ཆས་ཚོ་པོ་དང་། གྱོན་ཆས་དྲོ་པོ། འབུད་ཤིང་བཅས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་རྒྱུན་ཆད་མེད་པར་གེགས་ཁུལ་དུ་འབྱོར་ཏེ། འགག་སྒྲོལ་དཀའ་སེལ་གྱི་དྲོད་རྒྱུན་ཞིག་ཆགས་ནས་ས་མཐོའི་མི་དམངས་ཀྱི་སེམས་པ་དྲོ་བར་བྱས་ཡོད།
ད་ཆ་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་སྐབས། གྲལ་འགྲིག་པའི་སྟབས་བདེའི་ཁང་པ་སྟར་པ་མང་པོ་བརྒྱབ་པར་ཆུ་དང་། གློག དྲ་བ་བཅས་ཚང་མ་ཡོད་པ་མ་ཟད། ཕྲུ་གུ་ཚོ་ཕྱིར་རྩེད་འཇོར་རོལ་བའི་དགོད་སྒྲ་སླར་ཡང་གྲགས་འོང་། དགུན་ཁ་འདས་ནས་དཔྱིད་ཀ་འཆར་ཉེའི་མཚམས་སུ། གེགས་ཁུལ་མང་ཚོགས་ཀྱིས་ཁྱིམ་གཞིས་སླར་གསོའི་ལས་ལ་འབད་བཞིན་ཡོད།
ཟླ་བ་གཉིས་པའི་ཟླ་འགོར། དིང་རིར་གྲང་རླུང་སྔར་བཞིན་ལྡང་། ཡེ་བྱང་གྲོང་ཚོར་སྐྱོད་སྐབས། ལོ་67ལ་སླེབས་པའི་བགྲེས་སོང་མིག་དམར་གྱིས་སྟབས་བདེའི་ཁང་པར་མེ་བཏང་སྟེ། ལྕགས་ཐབ་ནང་ལྕི་བའི་མེ་དམར་ཧུར་རེར་འབར་ནས་ཁང་པ་དྲོ་སོབ་སོབ་འདུག “ལྕི་བ་དེ་དག་གིས་ད་རེས་ཀྱི་དགུན་ཁ་རྦད་དེ་འཁྱོལ་གྱི་རེད”ཅེས་མིག་དམར་གྱིས་ཉལ་ཁྲིའི་འགྲམ་དུ་བསྡད་དེ་བཤད། “མང་ཚོགས་སྟབས་བདེའི་གུར་ནས་དྲོ་སོབ་སོབ་ཀྱི་སྟབས་བདེའི་ཁང་པར་སྤོས་ཟིན་པ་མ་ཟད། དངོས་ཟོག་དག་ང་ཚོས་མགྱོགས་མྱུར་མང་ཚོགས་ལ་སྤྲོད་ཀྱི་་ཡིན”ཞེས་ཡེ་བྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་ཨང་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
ཟླ་1ཚེས་31ཉིན་བར། དིང་རི་རྫོང་དུ་སྟབས་བདེའི་ཁང་པ་7733བརྒྱབ་པ་དང་། གུར་9941ཕུབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་47787བཀོད་སྒྲིག་བྱས་ཡོད། གསར་འགོད་པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ས་ཡོམ་བརྒྱབ་རྗེས། རིམ་ཁག་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་། མཐུན་ཚོགས། ཐེབས་རྩ་ལྷན་ཚོགས་བཅས་ལ་ཞལ་འདེབས་སྒོར་དུང་ཕྱུར་10.9བྱུང་ཡོད།
དགུ་རུམ་གྲོང་ཚོའི་ཡུལ་མི་ནོར་བུས་སྟོད་ཀོར་སྔོན་པོར“ཁྱིམ་གཞིས་བསྐྱར་སྐྲུན”ཞེས་འཁོད་པ་ཞིག་གྱོན་ཏེ། གེགས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་ནང་ཞུགས་ཤིང་། ཐག་མི་རིང་བའི་སར་ལས་རོགས་ལ་ལས་བཀོད་སྒྲིག་བྱ་ཡུལ་དུ་གད་འཕྱིད་རྒྱག་པ་དང་། ལ་ལས་ཟོག་རོ་དབོར་བ་དང་གཙང་འཕྱག་བྱེད་པ། ལ་ལས་སྒོ་ཕྱུགས་ཀྱི་གཟན་རྩྭ་སྡུད་པ་སོགས་ཀྱི་ལས་ལ་བྲེལ།
“གྲོང་ཚོར་ངལ་ནུས་ཡོད་པའི་དུད་ཚང་38ཡོད་པ་ཚང་མ་བསྐྱར་སྐྲུན་ལས་ཀའི་ནང་ཞུགས་ནས་ཚང་མས་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད”ཅེས་ནོར་བུས་གད་སྙིགས་རླངས་འཁོར་ནང་བླུག་ཞོར་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས“ཉིན་གླ་སྒོར་260ཡོད་ལ། ཟས་གོས་ལ་སེམས་ཁྲལ་མེད་པས། ཡོང་འབབ་ཀྱི་དཀའ་ངལ་ཡང་ཐག་གཅོད་ཐུབ་སོང”ཞེས་བཤད།
“མང་ཚོགས་ཀྱི་ངོ་གདོང་ལས་འཛུམ་མདངས་མང་དུ་ཕྱིན་ཡོད”ཅེས་དགུ་རུམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་ཨང་དང་པོ་ཞུས་ཁྲའོ་ཡིས་བཤད་པ་དང་། ཁོང་གིས་ད་ཆ་སྨན་བཅོས་འཕྲོད་བསྟེན་ལས་དོན་རྒྱུན་གཏན་བཞིན་སྤེལ་བ་དང་། དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་བྱ་ཡུལ་གྱི་མང་ཚོགས་ཚང་མ་སྟབས་བདེའི་ཁང་པར་སྤོས་ནས་གེགས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་ལྟར་རིམ་པས་སླར་གསོ་ཐུབ་བཞིན་ཡོད་ཅེས་བཤད།
མི་དམངས་ཉེན་རྟོག་པ་དོན་གྲུབ་ཚེ་རིང་སླར་ཡང་མཐོང་སྐབས། ཁོང་དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཕྲུ་གུ་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་བརྒྱབ་ཅིང་། ངོ་གདོང་ལ་འཛུམ་མདངས་འཕྱུར་བཞིན་འདུག ཟླ་བ་གཅིག་གི་གོང་། ཁོང་ནི་གཟུགས་པོ་ཡོངས་ཐལ་བས་ཚོས་ལ་ལག་པའི་སེ་མོར་ཤིང་ཕྱེ་དང་འདམ་བག་གིས་ཁེངས་ནས་ངོ་གདོང་སྐྱོ་སྣང་དོད་པ་ཞིག་ཡོད་པས། “ཟླ་བ་གཅིག་ནང་འགྱུར་ལྡོག་ཆེན་པོ་ཕྱིན་འདུག”ཅེས་བཤད།
ད་ཆ་དིང་རི་རྫོང་གི་བར་བརྒལ་བཀོད་སྒྲིག་ལས་དོན་ཆ་ཚང་ལེགས་སྒྲུབ་ཟིན་ནས་ཡོམ་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོའི་དུས་མཚམས་སུ་སླེབས་ཡོད།
ཉིན་དགུང་གི་ཉི་འོད་དྲོ་ཞིང་འཇམ། དགུ་རུམ་གྲོང་ཚོའི་ཡུལ་མི་མི་ཉུང་བ་ཞིག་བཀོད་སྒྲིག་བྱ་ཡུལ་གྱི་མི་བཟོས་སྤང་དུ་བསྡད། ཕྲུ་གུ་ཆེ་བ་ཚོས་རྐང་རྩེད་སྤོ་ལོ་བརྒྱབ་ནས་ཕན་ཚུན་འབོད་རེས་ཀྱི་སྒྲས་ཁེངས་ལ། ཐག་མི་རིང་བའི་ཁང་ཆུང་དུ་དང་བླངས་པ་ཚོས་ཕྲུ་གུ་ཆུང་བ་ཚོར་རི་མོ་འབྲི་སྟངས་དང་ཚོན་འདམ་རྩེད་སྟངས་སློབ་བཞིན་ཡོད།
“ཁང་པའི་སྤུས་ཀ་དེ་སྔ་ལས་ཡག་ངེས་ཡིན”“ཡོམ་འགོག་ལས་དོན་ཡག་པོ་ཡོང་ངེས་རེད”“ཐོག་རྩེག་གཉིས་པའི་ཤེལ་ཁང་ཆེ་ཙམ་དགོས”ཞེས་ཁང་པ་གསར་པའི་རེ་བའི་སྐོར་གླེང་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚོས་རང་ཉིད་ཀྱི་བསམ་ཚུལ་གཅིག་མཇུག་གཉིས་མཐུད་ངང་བརྗོད།
ནོར་བུས“རང་ཉིད་ཁྱིམ་གཞིས་བསྐྱར་སྐྲུན་ནང་ཞུགས་ནས་ཕ་ཡུལ་ཇེ་ཡག་ཏུ་འགྲོ་བའི་རེ་བ་ཡོད”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)