བོད་ལྗོངས་ཀྱི་བདམས་ཐོན་པ་ཚེ་རིང་དགྲ་འདུལ་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་ཞུགས་པ།
འདི་ནི་འགྲན་བསྡུར་ནང་ཞུགས་མཁན་རང་ལྗོངས་ཀྱི་བདམས་ཐོན་པ་ཚེ་རིང་དགྲ་འདུལ(ཨང་རྟགས་གསུམ་པ)ཡིན་པ།
ཟླ་2ཚེས་8ཉིན། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་བྱེས་བགྲོད་གངས་ཤུད་ཀྱི་སྐྱེས་པའི་མི་སྒེར་གྱི་ཐག་ཐུང(སྲོལ་རྒྱུན་ལག་རྩལ)རྣམ་གྲངས་ཀྱི་འགྲན་བསྡུར་ཡ་པུའུ་ལི་གངས་ཤུད་ཐང་དུ་གཉེར་ཞིང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་བདམས་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་འགྲན་བསྡུར་ལ་ཞུགས་ནས་ཨང་དྲུག་པ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་12ཉིན། ཚེ་རིང་དགྲ་འདུལ་ད་དུང་བྱེས་བགྲོད་གངས་ཤུད་ཀྱི་སྐྱེས་པའི་སྤྱི་ལེ་4×7.5ཡི་རྒྱུག་མཐུད་རྣམ་གྲངས་ནང་ཞུགས་རྒྱུ་ཡིན་ཞིང་། ཁོང་འགྲན་བསྡུར་ནང་ཞུགས་པ་དེས་གངས་འཁྱགས་ལུས་རྩལ་ཁྲོད་ཀྱི་ཀྲུང་གོའི་བོད་ལྗོངས་ཀྱི་ལུས་རྩལ་པ་རྣམས་ཀྱི་སྟོབས་ཤུགས་མངོན་པ་མ་ཟད། སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་བཀྲག་མདངས་ཀྱང་བསྣན་ཡོད། རང་ལྗོངས་ཀྱི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་དང་ཚེ་བརྟན་གཡུ་སྒྲོན་གྱིས་ཟླ་2ཚེས་9ཉིན་དང་ཚེས་12ཉིན་གངས་ཤུད་རི་འཛེག་བུད་མེད་ཀྱི་ཐག་ཐུང་དང་མཉམ་བསྲེས་རྒྱུག་མཐུད་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།