བསམ་བློར་དྲག་ཆས་སྤྲས་ནས་ལམ་སྣེ་ཁྲིད། རིག་གནས་ སྟོབས་ཤུགས་བསྒྲིལ་ནས་ལེའུ་གསར་བརྩམས།
2024ལོའི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྐོར་གྱི་སྒྲིལ་གླེང་།
2024ལོར། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཏན་ཏིག་ཁུར་བ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། གཞུང་འཁྱོངས་གསར་འབྱེད་དང་འབད་འབུངས་ཡར་བརྩོན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་མཐུན་རྐྱེན་བཟང་པོ་བཅས་མཁོ་འདོན་བྱས་ཡོད།
བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ཏེ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
ལྗོངས་ཡོངས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། “གྲོས་དོན་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་གཙོ་གནད་དུ་དམ་འཛིན་གྱིས་ཏང་ཨུད(ཏང་ཙུའི)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། མཉམ་སྡེབ་སློབ་སྦྱོང་། རིགས་གཅིག་མཁས་ཅན་གྱི་ཟུར་ཁྲིད། བགྲོ་གླེང་དང་སྤེལ་རེས། མི་སྒེར་གྱི་རང་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་པ་རེད། 2024ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་གི་གཙོ་གནད་ནང་དོན་བཀོད་སྒྲིག་བྱས་པ་དང་། ཆེད་དོན་ཁག་20ལྷག་ཙམ་བཟོས་ནས་ལོ་ཧྲིལ་པོར་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་7དང་། ལྗོངས་ཐད་གཏོགས་ལས་ཁུངས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་800ལྷག་ཙམ། རྫོང་རིམ་པ་ཡན་གྱི་ཏང་ཨུད(ཏང་ཙུའི)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་6000ལྷག་ཙམ་བཅས་འཚོགས་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བ། བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བ། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་སོགས་བརྗོད་དོན་གཙོ་བོར་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དང་རིག་གཞུང་ལོ་ཚོགས་སོགས་ཐེངས་6སྒྲིག་འཛུགས་བྱས་ནས། མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག སློབ་ཁྲིད་ཚན་ཞིབ་བཅས་ཀྱི་རྐང་འཛིན་ཞིབ་སྦྱོང་འཛིན་གྲྭ་གཉེར་བ་རེད།
དྲིལ་བསྒྲགས་ཁྱབ་གདལ་དེ་སྤྱི་དམངས་ཅན་དང་གོ་བདེ་ཅན་དུ་བསྒྱུར་ཞིང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་ནས་ལོ་3འཁོར་བ”སོགས་ཀྱི་ཆེད་སྒྲིག་ལེ་ཚན་ཁག་21བཏོན་པ་དང་།《ཞི་ཅིན་ཕིང་གི་གནའ་དཔེ་ལུང་འདྲེན》ཞེས་པའི་གསར་རྩོམ་བརྙན་ཐུང་རབ་དང་རིམ་པ་བཏོན་ཡོད། “ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱི་དམངས་ཅན”གྱི་ཆེད་སྒྲིག་ལེ་ཚན་དང《བོད་ལྗོངས་ཉིན་རེའི་ཚགས་པར》(རིགས་པའི་གཞུང་ལུགས་ཀྱི་པར་ངོས)སུ་རིམ་རྩིས་བརྒྱབ་ན་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་40ལྷག་ཙམ་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བ་སོགས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་གཏིང་ཟབ་སྤེལ་བ་དང་། རིམ་རྩིས་བརྒྱབ་ན། སྒྲོག་འགྲེལ་ཐེངས་ཁྲི་15ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་2270ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”དཔྱད་བསྡུར་བྱེད་སྒོ་སྐབས་གཉིས་པ་བདེ་བླག་ངང་གཉེར་བ་རེད།
2024ལོར་གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འགན་ནུས་བསྐྱར་འཛུགས་དང་། ལམ་སྲོལ་བསྐྱར་འཛུགས། མི་སྣ་བསྐྱར་སྒྲིག་བཅས་ཀྱི་འབྲེལ་ཡོད་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བ་རེད། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)རིམ་པ་གཉིས་ཀྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་ས་གནས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཁག་བདུན་སྒོ་བྱང་བཀལ་ནས་བཙུགས་པ་རེད། “ཇོ་རིའི་སྤྲིན་ཚོམས”འཛུགས་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་རིམ་ཁག་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཚང་མ“ཇོ་རིའི་སྤྲིན་ཚོམས”ཀྱི་དུད་སྣེར་བཅའ་སྡོད་བྱས་ནས། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས་དང་གྲོང་ཁྱེར)བཅས་རིམ་གསུམ་མཉམ་སྤྱོད་དང་ཆུ་ཚོད་24ཡི་རིང་ཆ་འཕྲིན་དང་ལྟ་ཉན་ནང་དོན་གསར་ཤོས་རྒྱུན་ཆད་མེད་པར་སྤེལ་རྒྱུ་གཞི་རྩའི་ཐོག་ནས་མངོན་འགྱུར་བྱུང་བ་དང་། ཕབ་ལེན་བྱེད་ཚད་ཁྲི་65ལྷག་ཙམ་ཟིན་ཡོད། གཞན་ཡང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས་དང་གྲོང་ཁྱེར)བཅས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་ཨང་རྟགས་300ལྷག་ཙམ་གྱི་མཐུན་སྦྱོར་མཉམ་འགུལ་གྱི་དྲིལ་བསྒྲགས་ལམ་སྲོལ་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།
གཙོ་རྒྱུན་གླེང་ཕྱོགས་སྟོབས་ཆེར་བཏང་ནས་བོད་ཀྱི་གཟུགས་བརྙན་གསར་པ་མངོན་པ།
བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྟོབས་ཆེར་དང་། བརྗོད་དོན་གཙོ་བོ་སྔར་བས་མངོན་གསལ་དོད་པ། དྲང་ནུས་སྔར་བས་ཆེ་རུ་བཅས་བཏང་སྟེ། རྒྱང་ལམ་གསར་པར་སྐྱོད་པའི་སྟོབས་ཤུགས་ཆེན་པོ་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཡོད་པ་རེད།
—— རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། “1+3”གྱི་འདུ་ཤེས་བཞིའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་2.6ལྷག་ཙམ་གཏིང་ཟབ་སྤེལ་བར། མི་ཐེངས་ཁྲི་310ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་ཁྲི་3.17ལྷག་ཙམ་སྤེལ་བ་དང་དྲིལ་བསྒྲགས་དངོས་པོ་ཁྲི་460ལྷག་ཙམ་སྤྲད་པར་མི་ཐེངས་ཁྲི་420ལྷག་ཙམ་ལ་ཕན་པ་ཐོབ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་ཆེད་སྒྲིག་ལེ་ཚན་བཏོན་ཏེ། རིམ་རྩིས་བརྒྱབ་ན། འབྲེལ་ཡོད་གསར་འགྱུར་ཁག་3000(ཐེངས)ལྷག་ཙམ་བརྒྱུད་སྤེལ་དང་གཏོང་སྤེལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་བརྩམས་ཆོས་ཁག་350ལྷག་ཙམ་གསར་རྩོམ་བྱས་ནས་བཏོན་པ། གློག་བརྙན《ངའི་ཧི་མ་ལ་ཡ》དང་གཏམ་བརྗོད་ཟློས་གར《བོད་རྙིང་པ》སོགས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཚོན་པའི་བརྩམས་ཆོས་ཁག་གཅིག་གི་གསར་རྩོམ་ལ་རོགས་སྐྱོར་བྱས་ཡོད་པ་རེད།
—— ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། “དཔལ་འབྱོར་གྱི་བཀྲག་མདངས་འཚེར་ས་གསར་པ”དང“ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ང་ཚོས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པ་སོགས་ཀྱི་ཆེད་སྒྲིག་ལེ་ཚན་བཏོན་ཏེ། གནས་སྡོད་བརྟག་ཞིབ་བྱས་ནས་གནས་ཚུལ་གཏོང་སྤེལ་བྱས་པ་དང་། རྩོམ་ཡིག(ཁག)3000ལྷག་ཙམ་སྤེལ་བར་ལྟ་མཁན་མི་ཐེངས་ཁྲི་1000ལྷག་ཙམ་ཟིན་ཡོད། ཀྲུང་དབྱང་གི་སྨྱན་སྦྱོར་དང་མཉམ་དུ“རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད།——འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་ལེགས་གྲུབ་བྱུང་བའི་ནང་། “འཛམ་གླིང་གི་ཡང་རྩེ། ཇོ་རིའི་སྙན་ངག་རོལ་དབྱངས་འདུ་ཚོགས”དང་། “རིན་ཆེན་གཏེར་གྱི་ཆབ་མདོ” “ཇོ་རིའི་ཕ་ཡུལ། བཀྲ་ཤིས་པའི་གཞིས་རྩེ” “གནའ་བོའི་ཞང་ཞུང་། མཁའ་དབྱིངས་ཀྱི་མངའ་རིས”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ཐད་གཏོང་ལ་ལྟ་མཁན་མི་ཐེངས་དུང་ཕྱུར་1.1ལྷག་ཙམ་ཟིན་པ་དང་། བརྙན་ཐུང་གཏོང་སྤེལ་བྱེད་ཚད་ཐེངས་དུང་ཕྱུར་5.4ལྷག་ཙམ་ཟིན་པ། འབྲེལ་ཡོད་ཀྱི་བརྗོད་གཞིར་ལྟ་མཁན་མི་ཐེངས་དུང་ཕྱུར་11.3ལྷག་ཙམ་ཟིན་ཡོད་པ་རེད།
—— རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ། “རི་བོ་གཉིས”ཀྱི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། 《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་དྲིལ་བསྒྲགས་གཏོང་སྤེལ་ཇུས་གཞི》བཟོས་ནས་བཀྲམ་པ་དང་། དྲིལ་བསྒྲགས་གཏོང་སྤེལ་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་པར། རིམ་རྩིས་བརྒྱབ་ན། ཁྱོན་གསར་འགྱུར(ཐེངས)6000ལྷག་ཙམ་བཀོད་ཡོད། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་མཉམ་ལས་ཀྱིས《〈མཐོ་སའི〉ཆེད་དོན་པར་གཞི་རབ་དང་རིམ་པ》དང《བོད་དུ་ཡོད་པའི་ངོ་མཚར་ཆེ་བའི་སྲོག་ཆགས》 《4Kཡི་དངོས་མཚོན་པར་གཞི་ཆུང་གྲས་རབ་དང་རིམ་པའི〈ས་མཐོའི་སྤྱང་གྲུང་ལྡན་པའི་ཁྲུང་ཁྲུང་སྐེ་ནག〉》 《ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་སྣ་མང་རང་བཞིན་ལ་སྲུང་སྐྱོང》བཅས་པར་ལེན་སྒྲིག་བཟོ་བྱས་ཏེ་ཁྱབ་གདལ་གཏོང་བའི་རྣམ་གྲངས་ཁག་4ལག་ལེན་བསྟར་བ་དང་། 《རི་བོར་མྱུལ་བའི》སྟོན་ཐེངས་གཉིས་པ་དང་། 《བོད་དུ་ཡོད་པའི་ངོ་མཚར་ཆེ་བའི་སྲོག་ཆགས། ས་མཐོའི་གར་མཁན་ཁྲུང་ཁྲུང་སྐེ་ནག》སོགས་མཉམ་འདྲེས་སྨྱན་སྦྱོར་ཐོག་བསྟན་ཡོད།
—— རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཤུགས་ཆེན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། ཆེད་དོན་ཆེད་སྒྲིག་ལེ་ཚན་བཙུགས་ནས། ཆེད་དོན་གསར་འགྱུར་ཁག་98དང་རྩོམ་ཡིག་190ལྷག་ཙམ་སྤེལ་བར། ལྟ་མཁན་ཁྲི་100+ཟིན་ཡོད། མཐའ་མཚམས་ཀྱི་གཞི་རིམ་ལ་ཕྱོགས་ནས“1+3”གྱི་འདུ་ཤེས་བཞིའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གཅིག་སྡུད་དང་། དུད་ཚང་དུ་བསྐྱོད་པ། སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་སོགས་ཀྱི་བྱ་ཐབས་སྤྱད་དེ། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཐེངས་ཁྲི་7.3ལྷག་ཙམ་བྱས་པར། ཕན་པ་ཐོབ་མཁན་མི་ཐེངས་ཁྲི་580ལྷག་ཙམ་ཟིན་ཡོད། མཐའ་མཚམས་ས་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཁག་21དང་། སུའོ་109 ས་ཚིགས་613བཅས་བསྐྲུན་ནས་གཉེར་སྐྱོང་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་རིག་གནས་ཐང་ཆེན་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཁག་900ལྷག་ཙམ་བར་མང་དུ་བཏང་བ་རེད།
གསར་གཏོད་རྒྱུན་འཛིན་ལ་སྐུལ་འདེད་བཏང་ནས་རིག་གནས་བྱ་གཞག་དར་རྒྱས་བཏང་བ།
ལྗོངས་ཡོངས་ཀྱི“ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་འབྲེལ་བའི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། དེ་བཞིན་བོད་སྐྱོར་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་འགྲེམས་སྟོན་བཀོད་སྒྲིག་ལེགས་བཅོས་གསར་སྒྱུར་རྣམ་གྲངས་ལག་ལེན་བསྟར་བ་དང་། བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་སོགས་ཚན་པ་7ལ་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་མིང་དངོས་སུ་བཏགས་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་གི་གཞིས་རྩེའི་ཡན་ལག་ཁང་བསྐྲུན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་སྲུང་མཐའ་སྲུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆབ་མདོ་གྲོང་ཁྱེར་གྱི་ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་བྱེད་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བཅས་གཉེར་ཡོད། དཔེ་མཚོན་དཔེ་བཟང་འདེམས་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་སྐབས་དགུ་པའི་འོས་མི་8འོས་སྦྱོར་བྱས་པ་དང་། རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོ”1དང“ཀྲུང་གོའི་མི་བཟང་མིང་གྲལ”དུ་མི་4ཚུད་ཡོད།
རིག་རྩལ་གྱི་བརྩམས་ཆོས་སྤུས་ལེགས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཞིང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་རྩལ་བརྩམས་ཆོས་ཁག་1400ལྷག་ཙམ་གསར་རྩོམ་དང་སྒྱུར་བཟོ་བྱས་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་མཚན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། 2025ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ལེ་ཚན་ལྟ་ཚད་ཀྱི་ཨང་རིམ་ཁྲོད《རྟག་ཏུ་བཀྲ་ཤིས་ཤོག》ཅེས་པར་ལྟ་ཚད་39.3%ཟིན་ནས། དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ལྟ་ཚད་མཐོ་ཤོས་སུ་གྱུར་ཡོད། བོད་ཀྱི་དེང་རབས་གྲོང་ཁྱེར་གྱི་འཚོ་བ་དངོས་མཚོན་པའི་བརྗོད་དོན་རིགས་ཀྱི་བརྙན་འཕྲིན་འཁྲབ་གཞུང་ཐོག་མ《ཉི་འོད་གྲོང་ཁྱེར》ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དུས་ཚོད་ཡག་ཤོས་སུ་བསྟན་པར། དྲ་རྒྱ་ཡོངས་སུ་ལྟ་མཁན་མི་ཐེངས་དུང་ཕྱུར་8ལྷག་ཙམ་ཟིན་ནས། “2024ལོའི་ཀྲུང་གོའི་བརྙན་འཕྲིན་འཁྲབ་གཞུང་ལེགས་འདེམས”སོགས་ཀྱི་བྱ་དགའ་ཐོབ་པ་རེད།
དེ་དང་ཆབས་ཅིག དྲ་ཐོག་དང་དྲ་ཕྱིའི་རིག་གནས་དམངས་ཕན་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་10ལྷག་ཙམ་སྤེལ་བར། མང་ཚོགས་མི་ཐེངས་ཁྲི་1700ལྷག་ཙམ་ལ་ཕན་པ་ཐོབ་ཡོད། “འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་རྩ་བ་ཚུགས་པ”དང“ང་ཚོའི་ཀྲུང་གོའི་ཕུགས་འདུན——ཁྱིམ་ཚང་ཁྲིར་རིག་གནས་ཁྱབ་གདལ་གཏོང་བ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།
སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཟབ་གཏོང་གིས་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ།
བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་བཙུགས་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ《བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་མ་ལག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བའི་ལག་བསྟར་ཇུས་གཞི》བཟོས་ཏེ་བཀྲམ་པ་དང་། རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཆེད་དོན་ལས་དོན་ལམ་སྲོལ་དང་མཐུན་སྦྱོར་འགན་སྲུང་ལམ་སྲོལ་སོགས་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས“དེ་བས་གོ་ཆོད་པའི་བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་པའི”གྲལ་སྒོར་གྲོས་ཚོགས་འཚོགས་པ་དང་། བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་རིགས་གཅིག་མཁས་ཅན་གྱི་ཇུས་འདོན་ཚོགས་པ་བཙུགས་པ། ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་བཀོད་པ་གསར་པ་བཙུགས་ཡོད།
ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པའི་གསར་འགྱུར་དྲིལ་བསྒྲགས་གཏོང་སྤེལ་དང་། ཁྱབ་སྤེལ་ཁྲིད་སྟོན། གླེང་ཕྱོགས་ལྟ་ཞིབ་ཚད་ལེན། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སོགས་ཆེད་དོན་ལས་དོན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ནེ་པ་ལའི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ཞིང་། ནེ་པ་ལའི《དེང་གི་བོད་ལྗོངས》ཞེས་པའི་བོད་ཡིག་གཟའ་འཁོར་ཚགས་པར་བསྐྱར་དུ་བཏོན་པར། རིམ་རྩིས་བརྒྱབ་ན། འགྲེམས་སྤེལ་བྱེད་ཚད་ཁྲི་5.4ཟིན་ཡོད་པ་རེད།
ལོ་ཧྲིལ་པོར་རིག་གནས་ཐོན་ལས་འཕེལ་རྒྱས་དང་རིག་གནས་སྒྱུར་བཅོས་ལག་ལེན་དང་གླེང་ཕྱོགས་ཆ་འཕྲིན་སོགས་སློབ་གསོ་གསོ་སྦྱོང་ཁག་ཁྱོན་དུས་ཐེངས་31གཉེར་ནས། ཏང་ཡོན་ལས་བྱེད་པ་2000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་མཐུན་སྦྱོར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན(གྲོང་ཁྱེར)ཁག་གཅིག་གི་གསར་འགྱུར་པར་སྐྲུན་ལས་སྒོའི་རྐང་འཛིན་པ་ཁག་གསུམ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་བྱེད་པ་10འདེམས་གཏོང་བྱས་པ་རེད།
2025ལོར་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་དང་། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཏན་ཏིག་ཁུར་ནས། གཞུང་འཁྱོངས་གསར་འབྱེད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཐོག གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བཞིན་ཡོད།