མཚོ་སྔོན་མཚོ་ཤར། “ཤག་པོ”སྤོ་ལོ་རྒྱག་ཏུ་འགྲོ།
ཟི་ལིང་ནས་ཤར་ལྷོའི་ཕྱོགས་སུ་ལ་མོ་མང་པོ་བརྒྱབ་སྟེ་སྤྱི་ལེ་བརྒྱ་ལྷག་ཙམ་བསྐྱོད་ན་མཚོ་ཤར་གྲོང་ཁྱེར་དུ་སླེབས། དེ་གར་ཆུ་ཕྲན་མང་པོ་ལྷུང་ལྷུང་དུ་འབབ་པ་དེ་དག་མཐར་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་རྨ་ཆུར་འདྲེས་ཀྱི་ཡོད་པ་རེད།
རྒྱལ་ཡོངས་ཀྱི་ས་ལར་རིགས་ཀྱི་རང་སྐྱོང་རྫོང་འབའ་ཞིག་ཡིན་པའི་ཆ་ནས་ཡ་རྫིའི་མི་འབོར་མང་ཆེ་བ་ས་ལར་རིགས་ཡིན་ལ། རྫོང་དེར་མི་འབོར་མང་བའི་མི་རིགས་གཞན་ཞིག་ཡོད་པ་ནི་བོད་རིགས་རེད། ས་ལར་རིགས་དང་བོད་རིགས་ལས་གཞན་ད་དུང་ཧུད་རིགས་དང་རྒྱ་རིགས་སོགས་མི་རིགས་གཞན་ཡང་མང་པོ་ཡོད། དེ་ག་ནི་མཚོ་བོད་ས་མཐོ་དང་ས་སེར་ས་མཐོ་འདྲེས་མཚམས་ཡིན་པས། འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་རིང་རི་བོ་ཆེན་པོ་དང་རྨ་ཆུས་བཀག་པའི་རྐྱེན་གྱིས་མི་མང་ཆེ་བའི་འཚོ་བའི་འཁོར་རྒྱ་ཧ་ཅང་ཆུང་ཞིང་། ས་ལར་རིགས་དང་བོད་རིགས་ལས་གཅིག་ནི་རྨ་ཆུའི་རྒྱུད་དུ་གནས་པས་མི་འབོར་མང་ལ་ས་རྒྱ་ཆུང་བ་དང་། གཅིག་ཤོས་དེ་ནགས་ཁུལ་དུ་གནས་པས་འགྲིམ་འགྲུལ་སྟབས་བདེ་པོ་མེད། དེའི་ཕྱིར་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁོང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་མི་བྱེད་ཐབས་མེད་རེད།
བོད་རིགས་ཀྱི་ནོར་ལུག་གི་ཤ་དང་། ཤིང་ཆ། མར། ནས་སོགས་དང་ས་ལར་རིགས་ཀྱི་གྲོ་དང་། སྔོ་ཚལ། ཤིང་ཏོག་སོགས་ཕན་ཚུན་བརྗེ་རེས་བྱས་པས། རིམ་གྱིས་དམིགས་བསལ་གྱི“ཤག་པོའི”འབྲེལ་བ་ཆགས་པ་རེད། རྨ་ཆུའི་རྒྱུད་དུ་གནས་པའི་ས་ལར་རིགས་ལ་ནོར་ལུག་གི་པགས་པ་སོགས་དགོས་ཚེ་རི་ཁུལ་དུ་ཡོད་པའི་བོད་རིགས་ཀྱི“ཤག་པོ”འཚོལ་དགོས། རི་ཁུལ་གྱི་བོད་རིགས་ལ་ཇ་དང་ཚྭ་སོགས་དགོས་ཚེ་འགྲིམ་འགྲུལ་བལྟོས་བཅས་ཀྱིས་ཅུང་སྟབས་བདེ་བའི་ས་ལར་རིགས་ཀྱི“ཤག་པོ”འཚོལ་དགོས། གལ་སྲིད་ས་ལར་རིགས་ཚོང་ལ་བྲེལ་ནས་སོ་སོའི་ཞིང་ཁ་འདེབས་ཁོམ་མ་བྱུང་ཚེ་བོད་རིགས“ཤག་པོ”རོགས་པ་བྱེད་པར་བོས་ཀྱི་ཡོད་པ་རེད།
ས་ལར་རིགས་ཀྱི་ན་གཞོན་ཧོ་ཡན་པིན་གྱིས“ཡ་རྫི་ནི་ལན་ཆིའུ་སྤོ་ལོའི་ཕ་ས་ལྟ་བུ་ཡིན་པས། རྫོང་རུ་ཁག་ནང་ཞུགས་པར་འགྲན་རྩོད་ཧ་ཅང་དྲག་པོ་ཡོད། ‘ཤང་BA’བརྒྱུད་དེ་རུ་མི་ཡག་ཤོས་འདེམས་དགོས” ངའི“ཤག་པོ”ཚོའི་གྲས་སུ་རུ་གྲོགས་ཡོད་ལ་འགྲན་ཡ་ཡང་ཡོད། “སྤོ་ལོ་རྒྱག་མཁས་པོ་མཐོང་ན་གྲོགས་པོ་སྒྲིག་འདོད་འདུག འབྲེལ་བ་ཡག་པོ་ཡོད་མཁན་ཚོས་ནམ་རྒྱུན་མཉམ་དུ་སྤོ་ལོ་བརྒྱབ་ནས་རིམ་བཞིན་གྲོགས་པོ་ཆགས་ཀྱི་ཡོད། དེས་མ་ཟད་ད་དུང་མཉམ་དུ་རི་འཛེགས་པ་དང་གུར་ཕུབས་ཏེ་ཤ་བཙོས་ནས་ཟ་གི་ཡོད། ཕན་ཚུན་མགྲོན་འབོད་ལའང་འགྲོ་གི་ཡོད། བོད་རིགས་ཚོས་མར་དང་རྩམ་པས་སྣེ་ལེན་བྱེད་ཀྱི་འདུག ང་ཚོས་སྐུ་མགྲོན་ལ་ཕྱེ་ཉོག་བཟོས་ནས་སྣེ་ལེན་ཞུ་གི་ཡོད། ང་ཚོས་བོད་ཀྱི་ལོ་གསར་དང་སྨྱུང་གྲོལ་དུས་ཆེན་མཉམ་དུ་གཏོང་གི་ཡོད”ཅེས་བཤད།
དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནས་བཟུང་ཞིང་དལ་དུས་ཀྱི་སྤྲོ་གསེང་ལ་བརྩིས་ནས་ཡ་རྫི་རྫོང་ལ་ལན་ཆིའུ་སྤོ་ལོ་དར་འགོ་ཚུགས། ལོ་རབས་བརྒྱད་ཅུ་པའི་ནང་ལན་ཆིའུ་སྤོ་ལོ་རྒྱག་རྒྱུ་དེ་གོམས་གཤིས་སུ་གྱུར་ནས་ལོ་གཅིག་དུས་བཞི་ཚང་མར་འགྲན་བསྡུར་བྱེད་ཀྱི་ཡོད་པ་རེད།
ད་ཆ། ཡ་རྫི་རྫོང་གི་ལན་ཆིའུ་སྤོ་ལོའི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་དེ། སྲིད་འཛིན་གྲོང་ཚོ་154ལ་ལན་ཆིའུ་སྤོ་ལོ་རྒྱག་ས་ཡོད་པ་དང་། དམངས་ཁྲོད་དུ་རང་འགུལ་ངང་བསྐྲུན་ཞིང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་པའི་ལན་ཆིའུ་སྤོ་ལོ་རྒྱག་ཁང་5ཡོད། དཔལ་རྡོར་ཚེ་རིང་གི་བུ་ཟི་ལིང་དུ་ལས་ཀ་བྱེད་ཀྱི་ཡོད་ཀྱང་། ཕྱིར་ཕ་ཡུལ་དུ་ལོག་ན་ལན་ཆིའུ་སྤོ་ལོ་རྒྱག་གི་ཡོད། “ད་ལྟའི་གཞོན་ནུ་རྣམས་ལ་ངོ་མ་ཡིད་སྨོན་ཤོར་གྱི་འདུག”ཅེས་དཔལ་རྡོར་ཚེ་རིང་གིས་བཤད།
“ང་ཚོ་འདི་གའི་གྲོང་ཚོ་ཚང་མར་སྤོ་ལོའི་རུ་ཁག་དང་དུད་ཚང་ཚང་མར་སྤོ་ལོ་རྒྱག་མཁན་ཡོད་ལ། མི་ཚང་མས་ཤན་འབྱེད་པའང་བྱེད་ཐུབ། གྲོང་ཚོའི་ལས་བྱེད་པའི་དབར་ཡང་ནམ་རྒྱུན་སྤོ་ལོ་རྒྱག་གི་ཡོད” “ལན་ཆིའུ་སྤོ་ལོ་དེ་སློབ་གྲྭའི་ནང་ཁྱབ་གདལ་གཏོང་བའི་སློབ་ཚན་ཞིག་ཡིན་པའི་ཆ་ནས་ཕྲུ་གུ་ཚོས་སློབ་ཆུང་སྐབས་ནས་རྒྱག་གི་ཡོད”ཅེས་ཡ་རྫི་རྫོང་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲན་ཧའེ་ཡུན་གྱིས་བཤད།
ལོ་རབས་དགུ་བཅུ་པ་ནས་བཟུང་ཡ་རྫི་རྫོང་གིས“དུས་ཆེན་གཉིས”ཀྱི་རིང“སྡེ་ཁུལ་BA”དང་། “གྲོང་ཚོའི་BA” “ཤང་BA”བཅས་སྒྲིག་འཛུགས་བྱེད་ཀྱི་ཡོད་པར་ལྟད་མོ་བ་ཧ་ཅང་མང་པོ་ཡོད་པ་རེད། 2023ལོར། ཉིང་ཞ་ཤིས་ཅི་རུ་འཚོགས་པའི་རྒྱལ་ཡོངས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཆེན་པོའི་ནུབ་བྱང་འགྲན་ཁུལ་གྱི་འགྲན་བསྡུར་ནང་ཁྲ་ཧན་ཏུའུ་སི་ཤང་གི་འཐུས་མིའི་རུ་ཁག་ལ་ཨང་བཞི་པ་ཐོབ་པ་རེད། 2024ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་གི“ཤང་BA”སྐྱེས་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་མང་ཚོགས་གྱི“སྤོ་ལོ་ཆེན་པོ་གསུམ”གྱི་སྤུས་ལེགས་འགྲན་བསྡུར་གྱི་དཔེ་མཚོན་འགྲན་བསྡུར་ཁག་དང་པོར་ཚུད་པ་རེད།
ཡ་རྫི་རྫོང་བིས་མདོ་བོད་རིགས་ཤང་ཀྲུང་ཁུའུ་གྲོང་ཚོ་དང་ཀའེ་ཙི་གྲོང་རྡལ་སྟོང་རི་གྲོང་ཚོ་གཉིས་རྨ་ཆུའི་ཡ་རྫིའི་དུམ་བུའི་སྟོད་སྨད་རྒྱུད་དུ་ཆགས། ལོ་བཅུ་ཕྲག་ཁ་ཤས་རིང་། གྲོང་ཚོ་དེ་གཉིས་དབར་ཆུ་ཁུངས་ཀྱི་འགལ་བ་བྱུང་བར་རྫོང་དང་ཤང་གིས་མཐུན་སྦྱོར་ཐེངས་མང་བྱས་ཀྱང་འདུམ་འགྲིག་བྱུང་མེད་པ་རེད། 2017ལོར། གྲོང་ཚོ་དེ་གཉིས་ཀྱིས་ལན་ཆིའུ་སྤོ་ལོའི་མཛའ་བཤེས་འགྲན་བསྡུར་ཐེངས་གཉིས་བྱས་པ་བརྒྱུད་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་ཕྱིན་ནས་མི་རབས་འགའི་རིང་གི་འགལ་བ་སེལ་ཐུབ་པ་རེད།
ཡ་རྫི་རྫོང་གི་རྫོང་དཔོན་གཞོན་པ་ཧན་ཅིན་ཤང་གིས“གཞི་རིམ་བཅོས་སྐྱོང་ཐད་དམིགས་བསལ་གྱི་ནུས་པ་ཐོན་པ་ཕུད། ཡ་རྫི་བས་ལན་ཆིའུ་སྤོ་ལོ་དེ་རིག་གནས་ཤིག་དང་། སྙིང་སྟོབས་ཤིག ཕ་ཡུལ་ལ་བཅངས་པའི་འཁྲེང་སེམས་བཅས་སུ་བརྩི་གི་ཡོད”ཅེས་བཤད།
ལན་ཆིའུ་སྤོ་ལོ་ནི་ཡ་རྫིའི་ཡུལ་མི་ཚོས་དགའ་པོ་བྱེད་པའི་ལུས་རྩལ་བྱེད་སྒོ་ཞིག་ཡིན་པ་མ་ཟད། ཡུལ་ཕྱོགས་གཞན་དུ་ཡོད་པའི་ཡ་རྫི་བའི་འཁྲེང་སེམས་ཤིག་ཀྱང་ཡིན། རྒྱལ་ཡོངས་ས་གནས་ཁག་དང་ཐ་ན་རྒྱལ་ཕྱིར་ཡ་རྫི་བས་བཙུགས་པའི་འཐེན་ཐུག་ཟ་ཁང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྫོང་ཡོངས་སུ་འཐེན་ཐུག་ལས་གཉེར་བ་ཁྲི་2ལྷག་ཙམ་དང་འཐེན་ཐུག་ཟ་ཁང་6300ཙམ་ཡོད་པ་རེད། ན་ནིང་དཔྱིད་གསར་དུས་ཆེན་རིང་ཧྲང་ཧའེ་རུ་ཡོད་པའི་ཡ་རྫིའི“འཐེན་ཐུག་པས”“འཐེན་ཐུག་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་གཉེར་ཏེ་སྤོ་ལོའི་འགྲན་བསྡུར་བརྒྱུད་ཕ་ཡུལ་ལ་བཅངས་པའི་འཁྲེང་སེམས་མཚོན་པར་བྱས་པ་རེད།
ད་ལོའི་བོད་ཀྱི་ལོ་གསར་རིང་རྡོ་སྦིས་ཤང་གི་ལོ་གཅིག་དུས་གཅིག་གི“དཔྱིད་བསུའི་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཡང་འགོ་ཚུགས་རྒྱུ་ཡིན་པ་དང་། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་འཁྲབ་སྟོན་པ་ཚོའི་སྣེ་ཁྲིད་དེ་བོད་རིགས་ཀྱི་ལྷ་རྩེད་སྦྱངས་ནས་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་བྱེད་རྩིས་ཡོད་ཅིང་། སྐབས་དེར་མི་རིགས་ཁག་གི་ཤག་པོ་རྣམས་མཉམ་དུ་འཛོམས་ནས་བོད་རིགས་ཀྱི་དུས་ཆེན་དང་། ལན་ཆིའུ་སྤོ་ལོའི་དུས་ཆེན། མི་རིགས་ཁག་གི་མི་དམངས་མཛའ་བརྩེ་མཐུན་སྒྲིལ་གྱི་དུས་ཆེན་བཅས་ལ་རྟེན་འབྲེལ་ཞུ་རྒྱུ་རེད།