ཀྲུང་གོ་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་དགའ་ཞེན་བྱུང་།
ཉེ་བའི་ལོ་ཤས་རིང་། གྲོགས་པོ་ཕྱི་རྒྱལ་བ་དེ་བས་མང་བས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་ལ་དགའ་ཞེན་བྱེད་པ་དང་། དེ་དག་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་ལ་གྱུར་ཡོད།
འཇར་མན་ནས་ཡིན་པའི་པའེ་རེན་རུའེ་ཡིས།
སྨྱུག་རོལ་མགྱོགས་གཏམ་ལ་བརྟེན་ནས་སྒྱུ་རྩལ་ དོན་གཉེར་བྱེད་ལུགས་མཚོན་པར་བྱེད་པ།
པའེ་རེན་རུའེ་ནི་འཇར་མན་ཝེར་ཚི་པའོ་ནས་ཡིན་པ་དང་། སྔོན་ཆད་སློབ་ཆེན་གྱི་དགོང་ཚོགས་ཤིག་ལ《འུད་གཏམ་ཤོད་པ》ཞེས་པའི་སྨྱུག་རོལ་མགྱོགས་གཏམ་གྱི་དུམ་བུ་ཞིག་འཁྲབ་སྟོན་བྱེད་མྱོང་ཡོད། 2012ལོར་ཀྲུང་གོར་ལས་ཀ་བྱེད་པར་ཡོང་རྗེས། པའེ་རེན་རུའེ་ཡིས་ཆེད་ལས་ཀྱི་སྨྱུག་རོལ་མགྱོགས་གཏམ་འཁྲབ་སྟོན་སློབ་སྦྱོང་བྱ་རྒྱུའི་སེམས་ཐག་བཅད། གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད། དགོད་བྲོའི་གཏམ་གླེང་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཏིང་ཀོང་ཆོན་གྱིས་ཕྱི་རྒྱལ་བར་ཕྱོགས་པའི“སྤྲོ་སྣང་ལྡན་པའི་སློབ་ཁང”ཞེས་པའི་འཆད་ཁྲིད་ཐོག ཁོང་གིས་སྨྱུག་རོལ་མགྱོགས་གཏམ་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཡའོ་ཧྥུའུ་ཧྲན་ངོ་ཤེས། དེ་རྗེས་སྨྱུག་རོལ་མགྱོགས་གཏམ་འཁྲབ་སྟོན་སྒྱུ་རྩལ་ལ་འབད་བརྩོན་དང་དགའ་ཞེན་ཆེན་པོ་བྱས་པར་བརྟེན་པའེ་རེན་རུའེ་ཡའོ་ཧྥུའུ་ཧྲན་གྱི་ཕྱི་རྒྱལ་གྱི་དགེ་ཕྲུག་གྲས་སུ་གྱུར།
སྨྱུག་རོལ་མགྱོགས་གཏམ་འཁྲབ་སྟོན་སྒྱུ་རྩལ་དེ་གཞས་མ་གཏམ་དང་། སྨྱུག་རོལ་མགྱོགས་གཏམ། འཁྲབ་སྟོན་སོགས་སྒྱུ་རྩལ་སྣ་ཚོགས་གཞི་གཅིག་ཏུ་འདུས་པས། དབྱངས་རྟ་དང་འགྱུར་ཁུག་ཐད་རེ་བ་ཧ་ཅང་མཐོ་པོ་ཡོད། པའེ་རེན་རུའེ་ཡིས་ལྷོད་གཡེང་གཏན་ནས་མི་གཏོང་བར“རྒྱུན་ཆད་མེད་པར་སློབ་སྦྱོང་དང་། རྒྱུན་ཆད་མེད་པར་བསྐྱར་སྦྱོང་། རྒྱུན་ཆད་མེད་པར་སྦྱོང་བརྡར”བཅས་མཐའ་འཁྱོངས་བྱས་ཏེ། གོམ་པ་རིམ་བགྲོད་ཀྱིས་ལས་དང་པོ་བ་ཞིག་ནས་ཆེད་ལས་ཀྱི་སྨྱུག་རོལ་མགྱོགས་གཏམ་གྱི་འཁྲབ་སྟོན་པ་ཞིག་ཏུ་འཚར་ལོངས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རིག་གནས་འཁྲབ་སྟོན་གྱི་ཁྲོམ་ར་འཁྲུག་ཏུ་ཕྱིན་པ་དང་བསྟུན་ནས། པའེ་རེན་རུའེ་ཡང་འཁྲབ་སྟོན་སྣ་ཚོགས་ལ་མཁས་པར་གྱུར་ཡོད། ཁོང་ད་དུང་རྒྱལ་སྤྱིའི་གཞས་མ་གཏམ་སྒྱུ་རྩལ་མནའ་འབྲེལ་དང་སྨྱུག་རོལ་མགྱོགས་གཏམ་སྤྲོ་གླེང་ཁང་སོགས་ཀྱི་བྱེད་སྒོར་ཞུགས་ནས་སྨྱུག་རོལ་མགྱོགས་གཏམ་གྱི་འཁྲབ་སྟོན་སྒྱུ་རྩལ་ཁྱབ་གདལ་གཏོང་རྒྱུར་གཞོལ་བཞིན་ཡོད། “མི་དེ་བས་མང་བས་དོ་ཁུར་དང་དགའ་པོ་བྱེད་རྒྱུར་ཡིད་དབང་བཀུག་ཚེ་སྒྱུ་རྩལ་འདི་གཞི་ནས་དར་རྒྱས་གོང་འཕེལ་ཡོང་ཐུབ”ཅེས་པའེ་རེན་རུའེ་ཡིས་བརྗོད།
ཧྥ་རན་སེ་ནས་ཡིན་པའི་ཝུན་སེན།
རྫ་ཆས་བཟོ་རྩལ་ལ་ཞེན་ཆགས་པ།
ཝུན་སེན་ནི་ཧྥ་རན་སིའི་ལྷོ་ནུབ་རྒྱུད་ཀྱི་པི་ལི་ཉིའུ་སི་རི་ཁུལ་དུ་སྐྱེས་པ་དང་། ཆུང་དུས་ནས་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་ཡོད། སློབ་གྲྭ་ཐོན་རྗེས་ཁོང་ཁྱིམ་ཆས་རྙིང་པ་དང་རྫ་ཆས་ཉམས་གསོའི་ལས་ལ་ཞུགས་པའི་དབང་གིས་ཀྲུང་གོའི་རྫ་ཆས་བཟོ་རྩལ་དང་ལས་འབྲེལ་ཟབ་མོ་བྱུང་ཡོད། 2007ལོར་ལོ་30ལ་སླེབས་པའི་ཝུན་སེན་སྔ་རྗེས་སུ་ཀྲུང་གོའི་སི་ཁྲོན་དང་ཁྲུང་ཆིང་སོགས་སུ་ཡུལ་སྐོར་ལ་ཡོང་བ་མ་ཟད། ད་དུང་ལེང་ཧྲན་རི་ཁུལ་དུ་བསྐྱོད་ནས་ཚོན་རྩིའི་སྒྱུ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ས་ནས་སློབ་སྦྱོང་བྱས། “ང་འདི་གའི་འཚོ་བར་མགྱོགས་མྱུར་གོམས་བྱུང་བས་ཚོན་རྩིའི་སྒྱུ་རྩལ་བྱ་གཞག་མུ་མཐུད་སྦྱོང་རྒྱུའི་སེམས་ཐག་བཅད་པ་ཡིན”དེ་ནས་ཝུན་སེན་ཁྲུང་ཆིང་དུ་གཞི་ཚུགས་ཤིང་། རྒྱ་ཡིག“ཆི”རུས་མིང་དུ་བྱས་ནས་རང་ཉིད་ལ་ཝུན་སེན·ཆི་ཞེས་པའི་མིང་བཏགས།
ཁྲེང་ཁོའུ་རྫོང་ནི་ཏ་པ་རི་ཁུལ་དུ་གནས་པ་དང་དེ་གར་ཚོན་རྩིའི་ཤིང་ཐོན་ཚད་མཐོ་བ་དང་ཚོན་རྩི་སྤུས་ལེགས་པོ་ཡོད། ཝུན་སེན་གྱིས་ཁྲེང་ཁོའུ་རྫོང་པེ་ཕིང་ཤང་དུ་ཤིང་ཁང་ཞིག་གླས་ནས་བསྡད་པ་མ་ཟད། ཉེ་འགྲམ་དུ་རང་ཉིད་ཀྱི་བཟོ་ཁང་ཡང་བཙུགས། ཁོང་གིས་རྟག་ཏུ་རི་ཁུག་དུ་བསྐྱོད་ནས་རྩ་ཆེའི་ཚོན་རྩི་འཚོལ་བར་འགྲོ་གི་ཡོད།
ཉེ་ཆར་ཝུན་སེན་གྱིས་ཁྲབ་རྨོག་ཅིག་བཟོ་བར་བྲེལ་བཞིན་ཡོད། ཁོང་གིས་ཀོ་བ་སྤུས་ལེགས་ཤིག་བདམས་ཏེ་ཉི་མར་སྐམ་ནས་གཏུབ་རྗེས། ཚོན་རྩི་བཏང་སྟེ་གསེར་འོད་ཆིམ་ཆིམ་གྱི་ཁྲབ་ལེབ་རེ་རེ་བཟོས། དེ་ནས་ཕུལ་དུ་བྱུང་བའི་ལག་ཤེས་ལ་བརྟེན་ནས་ཁྲབ་ལེབ་དེ་དག་གིས་མཛེས་ལ་སྲ་ཞིང་བརྟན་པའི་ཁྲབ་རྨོག་བཟོས། “ངས་སྒྱུ་རྩལ་བརྩམས་ཆོས་དུས་ཀྱི་འཁོར་ལོའི་ཁྲོད་ནམ་ཡང་གནས་སུ་འཇུག་འདོད་འདུག”
ཉེ་བའི་ལོ་ཤས་རིང་། ཁྲེང་ཁོའུ་རྫོང་གིས་གཞི་ཁྱོན་ཅན་གྱི་ཚོན་རྩིའི་ཤིང་འདེབས་འཛུགས་འཕེལ་རྒྱས་ཧུར་ཐག་བཏང་ནས“ཁྲེང་ཁོའུ་ཚོན་རྩིའི་སྒྱུ་རྩལ”ཁྱབ་གདལ་བཏང་སྟེ། ཚོན་རྩིའི་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཝུན་སེན་གིས་དེའི་ཁྲོད་ཧུར་ཐག་ཞུགས་ནས། བཟོ་ཁང་བཙུགས་པ་དང་དགེ་ཕྲུག་ཁག་གཅིག་བསྡུས་ཏེ་ཁོང་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་ལག་རྩལ་བསླབས། གྲོང་མི་ཀྲེན་ཡུང་ཕིང་ནི་ཝུན་སེན་གྱི་དགེ་ཕྲུག་གྲས་ཤིག་ཡིན་པ་དང་། ཁོང་གིས་ཤིང་ཕོར་ལ་ཚོན་རྩི་གཏོང་བཞིན་ཡོད། ཀྲེན་ཡུང་ཕིང་གིས“ང་ཚོའི་བརྩམས་ཆོས་རྒན་ཝུན་ལགས་ཀྱིས་བཟོས་པ་ལྟར་མཛེས་པོ་མེད་ཀྱང་ཡོང་འབབ་གཏོད་ཐུབ་པ་མ་ཟད། ད་དུང་མེས་པོའི་ལག་ཤེས་རྒྱུན་འཛིན་ཡང་བྱེད་ཐུབ”ཅེས་འཛུལ་དམུལ་དམུལ་ངང་བཤད།
ཐུར་ཁེ་ནས་ཡིན་པའི་ཏི་ལན་གྱིས།
རྫ་དཀར་བཟོ་རྩལ་ཉམས་ལེན་བྱེད་པ།
2023ལོར་ལོ་26ལ་སླེབས་པའི་ཏི་ལན་ཅིང་ཏེ་ཀྲེན་རྫ་དཀར་སློབ་ཆེན་དུ་འབུམ་རམས་པའི་སློབ་གནས་སྦྱོང་བར་ཡོང་ཡོད། ཁོང་གི་ཕ་ཡུལ་ནི་གྲོང་ཁྱེར་ཆུང་ངུ་དབྱི་ཚི་ཉི་ཁེ་ཡིན་པ་དེར་ཐུར་ཁེའི“རྫ་དཀར་གྲོང”ཞེས་བརྗོད་ཀྱི་ཡོད། ལོ་བརྒྱ་ལྷག་ཙམ་གྱི་གོང་གནའ་བོའི་དར་གོས་ལམ་བུ་བརྒྱུད་རྫ་ཆས་སྔོ་ཁྲ་ཐུར་ཁེར་དར་ཁྱབ་བྱུང་ནས་ས་གནས་དེ་གའི་ལག་ཤེས་པས་རྫ་ཆས་སྔོ་ཁྲ་འདྲ་བཟོ་བྱེད་རིང་རིམ་བཞིན་འཚོལ་ཞིབ་བྱས་ཏེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཆགས་ཡོད། ཏི་ལན་གྱིས་ཆུང་དུས་ནས་ཐུར་ཁེའི་སྲོལ་རྒྱུན་གྱི་རྫ་དཀར་བཟོ་རྩལ་སྦྱངས་པ་དང་ཅིང་ཏེ་ཀྲེན་དེ་ཉིད་སྔ་ས་ནས་ཁོང་ཡིད་སྨོན་བྱ་ཡུལ་ཞིག་ལ་གྱུར་ཡོད་པ་རེད།
ཏི་ལན་གྱིས“དབྱི་ཚི་ཉི་ཁེའི་རྫ་ཆས་དང་ཅིང་ཏེ་ཀྲེན་གྱི་རྫ་ཆས་སྔོ་ཁྲར་འདྲ་བའི་ཆ་མང་པོ་ཡོད་མོད། འོན་ཀྱང་དངོས་སུ་བཀོལ་སྤྱོད་བྱེད་སྐབས་མི་འདྲའི་ཆ་ཡང་མང་པོ་ཡོད”དང་ཐོག་ཅིང་ཏེ་ཀྲེན་དུ་ཡོང་སྐབས་ངས་ཕ་ཡུལ་གྱི་རྫ་ཆས་བཟོ་རྩལ་དེ་ས་གནས་འདི་གའི་རྒྱུ་ཆར་སྤྱད་པས་ལེགས་གྲུབ་བྱུང་མ་སོང་། རྒྱུ་རྐྱེན་ནི་དབྱི་ཚི་ཉི་ཁེའི་རྫ་ཆས་མང་ཆེ་བ་དྲོད་ཚད་དམའ་པོས་སྲེག་དགོས་པ་དང་། འོན་ཀྱང་ཅིང་ཏེ་ཀྲེན་གྱི་རྫ་ཆས་ནི་རྒྱུན་དུ་དྲོད་ཚད་མཐོ་པོས་སྲེག་དགོས་ཀྱི་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་བཤད། ཏི་ལན་གྱིས་ད་དུང་ཐུར་ཁེའི་རི་མོའི་ཉམས་འགྱུར་དང་ཀྲུང་གོའི་དབར་མི་འདྲའི་ཆ་མང་པོ་ཡོད་པ་ཤེས་པ་དང་། ཁོང་གིས་མི་རྣམས་ཀྱིས་དགའ་པོ་བྱེད་པའི་རྫ་ཆས་སྔོ་ཁྲ་བཟོ་དགོས་ན། ད་དུང་ངེས་པར་དུ་ཀྲུང་གོའི་སྲོལ་རྒྱུན་རི་མོར་རྒྱུས་མངའ་ཟབ་མོ་ལོན་དགོས་པ་ཤེས། དེས་ན་ཁོང་གིས་ས་གནས་དེ་གའི་དགེ་རྒན་དང་གནའ་བོའི་རྫ་ཆས་ལ་ལད་མོ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་རྫ་ཆས་སྔོ་ཁྲའི་རི་མོ་འབྲི་རྩལ་རིམ་བཞིན་ཁོང་དུ་ཆུད་ཡོད།
“ཅིང་ཏེ་ཀྲེན་གྱིས་དཀར་ཡོལ་བཟོ་མཁན་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཀྱི་ཡོད། གལ་ཏེ་དཀར་ཡོལ་གྱི་རིག་གནས་ཤེས་རྟོགས་སམ་ཡང་ན་རྫ་དཀར་བཟོ་རྩལ་ལེགས་སུ་གཏོང་འདོད་ན་འདི་གར་ནི་གདམ་ག་འབའ་ཞིག་དེ་རེད”ཅེས་ཁོང་གིས་བཤད།