དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-09

    ཟླ་2ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧར་པིན་ཉི་མའི་གླིང་ཕྲན་གསོལ་མགྲོན་ཁང་དུ་ཀྲུང་གོར་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོཌ་སྐབས་དགུ་པའི་འགོ་ཚུགས་མཛད་སྒོར་ཕེབས་པའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་། ཀྲུང་ཧན་འབྲེལ་བ་འཕེལ་རྒྱས་རྒྱུན་ཆད་མེད་པར་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་མ་ཐེབས་པ་མ་ཟད། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་ལེགས་སྐྱེས་ཀྱང་ཕུལ་ཡོད། ཀྲུང་གོས་ཧན་གོར་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཁྲོད་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཀྲུང་ཧན་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་ཧན་གོ་སླར་གསོ་བྱས་ནས་ལོ་80འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་དྲན་གསོའི་བྱེད་སྒོ་ཡག་པོ་གཉེར་དགོས། ཕན་ཚུན་མཉམ་འདྲེས་དང་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་མི་དམངས་དབར་གྱི་མཛའ་གྲོགས་བརྩེ་སེམས་ལ་ཤུགས་སྣོན་རྒྱག་དགོས། ད་ལོ་དང་སང་ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཁག་སོ་སོར་འཚོག་རྒྱུར་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།

    ཡུས་ཡོན་ཀྲིས་གསུངས་དོན། ཧན་ཀྲུང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོར་འཛིན་པའི་མཛའ་གྲོགས་ནི་ཧན་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལྟེ་བའི་གྲས་ཤིག་ཡིན་པས་འགྱུར་ལྡོག་གཏོང་མི་སྲིད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཧན་ཀྲུང་འབྲེལ་བ་ལོ་གསར་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་མཉམ་དུ་དྲན་གསོ་ཞུ་བ། ད་ལོ་དང་སང་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།