དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་མིས་བརྗོད་དོན།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་མཐོང་ཆེན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-08

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོས་ཟླ་2ཚེས་1ཉིན་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་2པའི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རྒྱུ་རེད། ཚེས་3ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་གསར་འགོད་པའི་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་གི་ལས་དོན་ངོ་སྤྲོད་བྱས་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་མཐོང་ཆེན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    ཧྥུའུ་ཚུང་གིས། དེང་སྐབས་འཛམ་གླིང་ནི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རེ་འབོད་ཇེ་ཆེར་འགྲོ་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁ་བྲལ་དང་འགྲན་རྒོལ་དེ་མཐུན་སྒྲིལ་དང་མཉམ་ལས་ཀྱི་ཚབ་བྱེད་པ་དང་། བདེ་འཇགས་ཀྱི་ཉམས་ཉེན་ཚབས་ཆེན་གྱི་མདུན་དུ་བྱ་བ་ཅི་ཡང་སྒྲུབ་མི་ཐུབ་པའི་གནས་ཚུལ་དེ་མེད་པ་བཟོ་དགོས། རྒྱབ་ལྗོངས་དེའི་འོག་ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་2ཚེས་18ཉིན“ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་བའི”རིམ་པ་མཐོ་བའི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད། གཞན་ཡང་ཟླ་འདིར་ད་དུང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས་ཡུན་རིང་གི་ཆབ་སྲིད་ཐག་གཅོད་ཇུས་གཞི་འཚོལ་བ་དང་། ཨ་ཧྥེ་རི་ཁར་དོ་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཧྥུའུ་ཚུང་གིས། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགན་འཁུར་བ་དང་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས་ཀྲུའུ་ཞིའི་འགན་འཁྲི་ནན་ཏན་བསྒྲུབས་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ནུས་ལྡན་ངང་འཁུར་བ་དང་ནུས་པ་འདོན་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་5དང་ལས་འགན་རྒྱུན་འཛིན་བྱེད་མཁན་མིན་པའི་རྒྱལ་ཁབ་10ལས་གྲུབ་པ་དང་། རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་གནས་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་15ཡིས་རེས་མོས་ཀྱིས་འགན་འཁུར་གྱི་ཡོད་པ་དང་དུས་ཡུན་ཟླ་བ་གཅིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།