རང་རྒྱལ་གྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ལ་བརྟེན་ནས་ཨ་རིས་སྒོ་ཁྲལ་སྤོར་བར་ཞུ་གཏུག་རྒྱག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་1ཉིན། ཨ་རི་ཕྱོགས་ཀྱིས་སྨན་རིགས་ཧྥེ་ནོ་ཐ་ཉུལ་སོགས་ཀྱི་གནད་དོན་ལ་ཁ་གཡར་ནས་ཨ་རིར་ཕྱིར་གཏོང་གི་ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་10%སྤོར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཚེས་4ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཨ་རི་ཕྱོགས་ཀྱིས་ཨ་རིར་ཕྱིར་གཏོང་གི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་སྤར་བ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་ཚབས་ཆེན་བྱས་པ་ཞིག་ཡིན་པ་མ་ཟད། དེའི་ངོ་བོ་ཚབས་ལྕི་བས། དེ་ནི་ཕྱོགས་རྐྱང་པའི་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་སྟངས་རང་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད་ཨ་རིའི་ཁྲལ་བསྡུའི་བྱ་ཐབས་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ལ་བརྟེན་ནས་ཞུ་གཏུག་རྒྱག་རྒྱུ་ཡིན་ལུགས་བརྗོད་ཡོད།
དེ་དང་ཆབས་ཅིག ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་ནས་ཟླ་2ཚེས་10ཉིན་ནས་བཟུང་། ཨ་རིས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ཁག་གཅིག་ལ་སྒོ་ཁྲལ་སྤོར་རྒྱུ་ཡིན་ལུགས་བརྗོད་ཡོད། རྡོ་སོལ་དང་གཤེར་འགྱུར་རང་བྱུང་སོལ་རླངས་ལ་སྒོ་ཁྲལ་15%སྤོར་རྒྱུ་དང་། མ་བཅོས་རྡོ་སྣུམ་དང་། ཞིང་ལས་འཕྲུལ་ཆས། དུ་རླངས་འབུད་ཚད་ཆེ་བའི་རླངས་འཁོར། ཕི་ཁ་རླངས་འཁོར་བཅས་ལ་སྒོ་ཁྲལ་10%སྤོར་རྒྱུ། ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ཁག་གཅིག་ལ་ད་ལྟ་སྤྱོད་མུས་ཀྱི་གོ་ཆོད་སྒོ་ཁྲལ་ཁྲལ་ཚད་ཀྱི་རྨང་གཞིའི་ཐོག་དེ་མཚུངས་ཀྱི་སྒོ་ཁྲལ་སོ་སོར་སྤོར་རྒྱུ་དང་། ད་ལྟ་སྤྱོད་མུས་ཀྱི་ཁྲལ་སྲུང་དང་དཔྱ་ཁྲལ་ཆག་ཡང་གི་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་བ་དང་། ད་ཐེངས་སྤར་བའི་སྒོ་ཁྲལ་རིགས་ཚང་མར་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་མིན་པ་རེད།
ཉིན་དེར་ཚོང་དོན་པུའུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས། 2025ལོའི་སྤྱི་བསྒྲགས་ཨང་10པ་ཁྱབ་བསྒྲགས་བྱས་པའི་ནང་། ཝུ་རྒྱུ་དང་། ཐེལ་རྒྱུ། པིས་རྒྱུ། མོལ་རྒྱུ། ཡེན་རྒྱུ་བཅས་ཀྱི་འབྲེལ་ཡོད་དངོས་རྒྱུ་ཕྱིར་གཏོང་ཐད་དོ་དམ་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ་དང་། བློས་མི་འཁེལ་བའི་དངོས་ཚན་གསལ་ཐོའི་ལས་ཀའི་ལམ་སྲོལ་གྱིས་ཨ་རིའི་PVHཚོགས་པ་དང་དབྱིན་མེ་ན་ཀུང་སི་བློས་མི་འཁེལ་བའི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྲིམས་བཞིན་ཀུའུ་ཀེ་ཀུང་སིར་སྒེར་སྡེམ་ངོ་རྒོལ་གྱི་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱ་རྒྱུ་ཡིན་པ་བཅས་བསྟན་ཡོད།