རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས་བརྗོད་དོན།
ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁག་གཅིག་གི་སྒོ་ཁྲལ་སྤོར་གྱི་ཡིན།
ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ཟླ་2ཚེས་10ཉིན་ནས་བཟུང་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁག་གཅིག་གི་སྒོ་ཁྲལ་སྤོར་གྱི་ཡིན་ཞེས་བརྗོད་པ་རེད།
སྤྱི་བསྒྲགས་ནང་བསྟན་དོན། 2025ལོའི་ཟླ་2ཚེས་1ཉིན་ཨ་རི་སྲིད་གཞུང་གིས་ཧྥན་ཐའེ་ཉི་སོགས་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ཚང་མར་སྒོ་ཁྲལ་10%སྤོར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པས་སྒོ་ཁྲལ་སྤོར་བའི་བྱེད་སྟངས་དེ་འཛམ་གླིང་ཚོང་དོན་རྩ་འཛུཌ་ཀྱི་སྒྲིག་སྲོལ་ལས་ཚབས་ཆེན་འགལ་བ་དང་། རང་ཉིད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་མེད་པ་མ་ཟད། ཀྲུང་གོ་དང་ཨ་རིའི་རྒྱུན་ལྡན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལའང་གཏོར་བཤིག་བཏང་ཡོད་པ་རེད།
སྤྱི་བསྒྲགས་ནང་ཁ་གསལ་བསྟན་དོན། 2025ལོའི་ཟླ་2ཚེས་10ཉིན་ནས་བཟུང་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁག་གཅིག་ལ་སྒོ་ཁྲལ་སྤོར་རྒྱུ་སྟེ། རྡོ་སོལ་དང་གཤེར་འགྱུར་རང་བྱུང་སོལ་རླངས་ལ་སྒོ་ཁྲལ་15%སྤོར་རྒྱུ་དང་། མ་བཅོས་རྡོ་སྣུམ་དང་། ཞིང་འཕྲུལ། སྣུམ་གྲོན་ཆེ་བའི་རླངས་འཁོར། ཕི་ཁ་རླངས་འཁོར་བཅས་ལ་སྒོ་ཁྲལ་10%སྤོར་རྒྱུ། ཞིབ་ཕྲའི་ཚོང་ཟོག་ཁྱབ་ཁོངས་དེ་སྤྱི་བསྒྲགས་ཀྱི་ཟུར་བཀོད་ཡིག་ཆར་གསལ། ཨ་རི་ནས་ཐོན་པའི་ཟུར་བཀོད་ནང་འདྲེན་ཚོང་ཟོག་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོ་ཁྲལ་གྱི་ཁྲལ་ཚད་ཀྱི་རྨང་གཞིའི་ཐོག དེ་མཚུངས་ཀྱི་སྒོ་ཁྲལ་སོ་སོར་སྤོར་རྒྱུ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོ་ཁྲལ་མེད་པ་དང་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལ་འགྱུར་བ་མེད་པ་དང་ད་ཐེངས་སྤར་བའི་སྒོ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་མིན་པ་རེད།