འཛད་སྤྱོད་ཡར་སྐུལ་དང་། ཕྱིར་ཚོང་བརྟན་པོ། མཁོ་སྤྲོད་འགན་ལེན།
2024ལོར་རང་ལྗོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་སུ་འགྲོ་བར་རམ་འདེགས་བྱས་པ།
གྲངས་གཞི་ལས་མངོན་པར། 2024ལོར། བོད་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་943.44ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་འཕར་ཚད་ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྙིང་པ་གསར་བརྗེས་སོགས་ཀྱི་འཛད་སྤྱོད་སྲིད་ཇུས་ཀྱི་སྐུལ་སློང་འོག་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
རྙིང་པ་གསར་བརྗེས་ཀྱིས།
དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འཕེལ་བ།
འཛད་སྤྱོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ། འཛད་སྤྱོད་ཁྲོམ་ར་དར་རྒྱས་ཡོང་བ་བཅས་བྱ་ཆེད། 2024ལོར་རང་ལྗོངས་ཀྱིས་འཛད་སྤྱོད་ཡར་སྐུལ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས་ནས་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ལྗོངས་ཡོངས་ཀྱིས“བདེ་སྐྱིད་བོད་ལྗོངས། འཚོ་བར་ལོངས་སྤྱོད”ཅེས་པའི་བྲིན་སྐུལ་བྱེད་སྒོ་ཁག་ཐེངས་80ལྷག་ཙམ་སྤེལ་བ། ཁ་གསབ་མ་དངུལ་སྒོར་དུང་ཕྱུར་7.85སྤྱད་ནས་འཛད་སྤྱོད་སྒོར་དུང་ཕྱུར་59.83འཕར་བར་སྐུལ་ཁྲིད་བྱས་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཁྲེན་ཅུན་གྱིས་ད་ལོ་ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་མུ་མཐུད་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་སྔོན་ལ་འཇོག་པ་དང་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཞིབ་ཕྲའི་ངོས་ནས་བརྗོད་ན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་མི་སྒེར་གྱི་འཛད་སྤྱོད་པས་དྲ་ཐོག་ཐོན་རྫས་གསར་ཉོ་བྱ་རྒྱུར་ཁ་གསབ་སྤྲད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་སོགས་གྲོང་གསེབ་ཏུ་གཤམ་སྤེལ་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བར་བྱས་པ། གཞན་ཡང་འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
“སྲིད་ཇུས་དང་མཉམ་ལས”ཟུང་འབྲེལ་གྱིས།
ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་པ།
2024ལོར། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུར་དམིགས་ནས“སྲིད་ཇུས་+མཉམ་ལས”ཟུང་དུ་འབྲེལ་བའི་འཁོར་གཉིས་ཡར་སྐུལ་བྱ་སྤྱོད་མཐའ་འཁྱོངས་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཀྲུང་ནེའི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་12པར་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལྟ་བ་གཅིག་མཐུན་ཁག་29བྱུང་བ་དང་། འདྲེན་ཐང་སོགས་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་14བསྐྱར་དུ་སྒོ་མོ་ཕྱེ་བ། ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་འབྲས་དངོས་ཀྱི་ཁེ་ལས་172གསར་འཕར་བྱུང་ཡོད། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་བར་རོགས་རམ་བྱ་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རྒྱལ་ཁབ་ཕྱི་ནང་གི་ཚོང་དོན་ཁེ་ལས་482སྒྲིག་འཛུགས་བྱས་ནས་ཀོང་ཀྲོའུ་ཚོང་འདུས་སོགས་འགྲེམས་ཚོགས་མི་འདྲ་བ་ཐེངས་གྲངས་21ནང་ཞུགས་ཤིང་། ས་གནས་ས་ཐོག་ཏུ་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་3400ལྷག་ཙམ་ཟིན་ནས་ཁེ་ལས་ལ་རྒྱལ་ཁབ(ས་ཁུལ)165ཡི་ཁྲོམ་ར་གསར་འབྱེད་བྱེད་པར་གྲུབ་འབྲས་ཐོབ་པའི་ངང་རོགས་རམ་བྱས་ནས་ཀུ་ཤུ་དང་། ཤ་མོ། རྒུན་འབྲུམ་ཨ་རག་སོགས་བོད་ཀྱི་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་དུ་འཚོང་ཡོད་པ་རེད།
གཞན་ཡང་རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་གྱི་དགེ་མཚན་ལྡན་པའི་ནུས་པར་གཞི་བཙུགས་པ་དང་འདོན་སྤེལ་བྱས་ཏེ་2024ལོར་ཕྱི་རྒྱལ་གྱི་མཛོད་ཁང་དང་པོ་བསྐྲུན་པ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། རྒྱལ་སྒྲོལ་ཚོང་དོན་འགྲེམས་སྟོན་ལྟེ་གནས་6ཀྱང་སྔ་རྗེས་སུ་བསྐྲུན་ཏེ་འཁོར་སྐྱོད་བྱེད་འགོ་ཚུགས་པ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ཐོག་མར་ཚད་བརྒལ་བྱུང་བ་དང་ཕྱིར་གཏོང་གྲངས་འབོར་སྒོར་དུང་ཕྱུར་16.79ཟིན་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། 2024ལོར། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་གྲངས་འབོར་སྒོར་དུང་ཕྱུར་126.7ཟིན་པ་དང་། དེའི་ནང་མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་35.3ཟིན་ཏེ་32.3%འཕར་བ་དེ་ཐོག་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་རྣམ་པ་མངོན་པ་མཚོན་ཡོད།
ལྟ་ཞིབ་ཚད་ལེན་དང་མཁོ་སྤྲོད་འགན་ལེན་གྱིས།
དམངས་འཚོ་ལྟེ་བར་འཛིན་པའི་འདུ་ཤེས་ལག་ལེན་བསྟར་བ།
2024ལོར། ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་གྱིས་ལྟ་ཞིབ་ཚད་ལེན་དང་མཁོ་སྤྲོད་འགན་ལེན་གྱི་མཉམ་སྤེལ་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ་འཚོ་བའི་མཁོ་ཆས་ཀྱི་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་ཁེ་ལས་འདེམས་པའི་ཚད་གཞི་བཟོ་བ་དང་། མཛོད་འཇུག་ཁེ་ལས་45ཚད་ལྡན་དུ་གཏོང་བ། ས་ཁོངས་སྒྲོལ་བའི་གྲང་ཕྲེང་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་7དང་རྫོང་ཁོངས་ཀྱི་གྲང་ཕྲེང་སྒྲིག་ཆས་13བསྐྲུན་པ། མཐའ་མཚམས་རྫོང་ཁོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་རྣམ་གྲངས་21ཕྱོགས་ཡོངས་ནས་བསྐྲུན་པ་བཅས་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན་2024ལོར་ལྗོངས་ཡོངས་ཀྱི་ཤ་དང་སྒོ་ང་དང་དེ་བཞིན་འོ་མ་དང་ཚལ་སོགས་འཚོ་བའི་མཁོ་ཆས་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་109.5ཟིན་པ་དང་དེའི་ནང་ལྗོངས་ཕྱི་ནས་ནང་འདྲེན་བྱེད་ཚད་ཏུན་ཁྲི་69.37ཟིན་པས་མཁོ་སྤྲོད་འདང་ངེས་དང་ཟོག་གོང་བརྟན་པོ་ཡོད་པ་རེད། དེ་དང་ཆབས་ཅིག་མཁོ་འཚོང་ཚོགས་པར“ཉར་ཚགས་དངོས་པོ་བོད་ནས་ཐོན”རྒྱུ་མངོན་འགྱུར་བྱུང་ནས་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་4400ལྷག་ཙམ་ཟིན་ཏེ་དམངས་འཚོའི་བདེ་རྩ་ཆེར་གཏོང་ཁྲོད་ཚོང་དོན་གྱིས་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
བོད་ལྗོངས་མཚོ་ནུབ་གྲང་ཕྲེང་ཟོག་འགྲེམས་ཚད་ཡོད་ཀུང་སི་ནི་ལྗོངས་ཡོངས་ཀྱི་ཁག་དང་པོར་བདམས་པའི་འཚོ་བའི་མཁོ་ཆས་ཀྱི་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་འཁྱགས་གཏོང་དང་། གྲང་འཇོག བཀར་འཇུག སྡེབ་སྐྱེལ། ལས་སྣོན། ཉོ་ཚོང་། ཚོང་དོན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་གཅིག་འཐུས་ཀྱི་གྲང་ཉར་ཟོག་འགྲེམས་ཁེ་ལས་ཆེ་གྲས་ཤིག་ཡིན། ད་ལྟ་གྲང་མཛོད་ཀྱི་ཤོང་ཚད་ཏུན་ཁྲི་4ཟིན་པ་དང་ཉིན་རེར་འདོན་འཇུག་བྱེད་ཚད་ཏུན་200ཟིན་ཡོད། མཛོད་ནང་ཚགས་ཤ་དང་། ལུག་ཤ ཕག་ཤ་སོགས་ཤ་རིགས་ཐོན་རྫས་ཕུན་སུམ་ཚོགས་པོ་གྲབས་གསོག་བྱས་པས་ལྗོངས་ཡོངས་ཀྱི་གྲོང་མིར་ཤ་རིགས་མཁོ་སྤྲོད་བྱེད་པར་འགན་ལེན་ནུས་ལྡན་བྱུང་ཡོད་པ་རེད།