དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱོགས་གཉིས་པོའི་དབར་གྱི་འགྲོ་འོང་ལ་རམ་འདེགས་བྱས་ནས་མཛའ་གྲོགས་ཀྱི་འབྲེལ་ཟམ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-06

    འདི་ནི་མི་རིང་བའི་གོང་ཨེ་རི་ཐྲེ་རི་ཡར་སྤེལ་བའི་ཀྲུང་གོའི་བྱ་འཕིར་རིག་གནས་དུས་ཆེན་སྐབས་དྲུག་པར་ས་གནས་དེ་གའི་སློབ་ཆུང་སློབ་མས་བྱ་འཕིར་བཟོ་སྟངས་སྦྱོང་བཞིན་པ། (པར་འདི་ནི་ཨེ་རི་ཐྲེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཁོ་འདོན་བྱས)

    ཉེ་ཆར། པར་ཙིར་གྱི་ལི་ཡུའེ་རེ་ནེ་ལུའུ་ཀྲོའུ་ཧྥོ་ལུའུ་སྨི་ནེན་སའེ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་ཁུང་ཙི་སློབ་ཁང་དུ་ཀྲུང་གོའི་ལུགས་རྙིང་ཤིང་སྦྲུལ་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་ས་གནས་དེ་གའི་གྲོང་མིས་རྒྱ་ཡིག་གི་སྨོན་ཚིག་འབྲི་སྟངས་སྦྱོང་བཞིན་པ།

    ཉེ་ཆར། 2025ལོའི་ནེ་རོ་པིའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་གཉེར་འགོ་ཚུགས་ཤིང་། འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་བྱེད་སྒོར་བཞེས་ཙེ་སྤྱོད་སྟངས་སྦྱོང་བཞིན་པ།

    ཀྲུང་གོའི་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་གྱོན་པའི་ཨེ་རི་ཐྲེ་ཡའི་གཞོན་ནུ་རྣམས་གར་སྟེགས་ཐོག་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ། ཀྲུང་གོའི་མི་རིགས་ཀྱི་ཞབས་བྲོ་དང་། དེང་རབས་ཀྱི་ཞབས་བྲོ། རླུང་གཡབ་ཀྱི་ཞབས་བྲོ་སོགས་འཁྲབ་སྟོན་བྱས་པར། ཁོང་ཚོའི་སྒེག་ཉམས་ལྡན་པའི་གར་སྟབས་ལ་ས་གནས་ས་ཐོག་གི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། དེ་ནི་ཉིན་ཤས་གོང་ཨེ་རི་ཐྲེ་ཡའི་མཐོ་རིམ་སློབ་གསོ་དང་ཞིབ་འཇུག་ཁང་གི་ཁུང་ཙི་སློབ་གླིང(གཤམ་དུ“ཨེ་ཐྲེ་ཁུང་ཙི་སློབ་གླིང”ཞེས་བསྡུ་རྒྱུ)གིས“ལོ་གསར་དགའ་བས་བསུ་བའི”ཀྲུང་གོའི་གླུ་གར་འགྲན་བསྡུར་གྱི་རྣམ་པ་ཞིག་རེད།

    ཀྲུང་གོ་དང་ཨེ་རི་ཐྲེ་ཡའི་དབར་སྲོལ་རྒྱུན་གྱི་མཛའ་གཅུགས་ཟབ་མོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཀྲུང་གོ་དང་ཨེ་རི་ཐྲེ་ཡའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་རྒྱུན་ཆད་མེད་པར་ཕྱིན་པ་མ་ཟད། གཉིས་ཕན་མཉམ་ལས་ཀྱི་དམངས་འདོད་རྨང་གཞིའང་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད།

    “རྒྱ་ཡིག་ཡག་པོ་སྦྱངས་ན་ང་ཚོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”

    ད་ལོ་ལོ་23ཡིན་པའི་ཡིའུ་སི་ལཱ་ནི་ཨེ་རི་ཐྲེ་ཡའི་གཞུང་བཙུགས་སློབ་གྲྭ་ཞིག་གི་སྒྱུ་རྩལ་དགེ་རྒན་རེད། ལོ་12ནས་བཟུང་། ཁོ་མོས་ཨེ་ཐྲེ་ཁུང་ཙི་སློབ་གླིང་ནས་རྒྱ་ཡིག་སྦྱོང་འགོ་ཚུགས་ཤིང་། 2017ལོར་སྤེལ་བའི“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་སློབ་འབྲིང་སློབ་མའི་རྒྱ་ཡིག་འགྲན་བསྡུར་སྐབས་བཅུ་པར་ཁོང་ལ་ཨེ་རི་ཐྲེ་ཡ་འགྲན་ཁུལ་གྱི་ཨང་དང་པོ་ཐོབ་པ་མ་ཟད། རོགས་པ་དང་མཉམ་དུ་ཨེ་རི་ཐྲེ་ཡའི་ཚབ་ཞུས་ནས་ཀྲུང་གོར་མཐའ་མའི་འགྲན་བསྡུར་ལ་ཞུགས་པར་ཚོགས་པའི་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད། 2022ལོ་ནས་བཟུང་། ཡིའུ་སི་ལཱ་ཡིས་ཨེ་ཐྲེ་ཁུང་ཙི་སློབ་གླིང་དུ་རྒྱ་གཞས་དགེ་རྒན་གྱི་འགན་གཅིག་ལྕོགས་ཁུར་ཏེ། གཟའ་མཇུག་ཏུ་སློབ་ཐུན་ཐེངས་གཉིས་རེ་ཁྲིད་ཀྱི་ཡོད། ཁོང་གིས། “ཀྲུང་གོའི་རིག་གནས་རྒྱ་ཆེ་ལ་གཏིང་ཟབ་པས། ངའི་སློབ་མས་རྒྱ་གཞས་བརྒྱུད། ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་དེ་བས་ཆེ་བ་ལོན་པའི་རེ་བ་ཡོད”ཅེས་བརྗོད།

    “གཅེན་མོ། ཁྱེད་ཀྲུང་གོར་འགྲོ་འདོད་དམ”ཞེས་དྲིས་པར། “ང་རང་འགྲོ་འདོད་ཧ་ཅང་ཆེན་པོ་འདུག གནའ་བོའི་ཕོ་བྲང་ལ་ལྟ་བ་དང་ལྕགས་རི་རིང་པོར་འཛེག་འདོད་ཆེན་པོ་འདུག” ཡིའུ་སི་ལཱའི་སློབ་མའི་ཁྲོད་དུ་གླུ་ལེན་གར་འཁྲབ་ལ་བྱང་བའི་གཅེན་གཅུང་གཉིས་ཡོད་པ་སྟེ། གཅེན་མོ་ལུའུ་ཡཱ་ད་ལོ་ལོ་15ལ་སླེབས་པ་དང་། གཅུང་མོ་ལི་ཡཱ་ལོ་14ཡིན་པ་རེད། ཁོང་གཉིས་ཀྱིས་ཨེ་ཐྲེ་ཁུང་ཙི་སློབ་གླིང་དུ་སློབ་སྦྱོང་ལོ་མང་བྱས་པ་བརྒྱུད་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་ཀྱི་ཡོད།

    ལུའུ་ཡཱ་ཡིས་གསར་འགོད་པར། “རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཧ་ཅང་ཆེ་བས། ལོ་དེ་དག་རིང་། ང་ཚོ་གཅེན་གཅུང་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་སྐུལ་ལྕག་དང་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ང་ཚོའི་རྒྱ་ཡིག་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་རྒྱ་གཞས་གཏོང་ཤེས་པ་དང་ཀྲུང་གོའི་ཞབས་བྲོ་ཡང་འཁྲབ་ཤེས་ཀྱི་ཡོད། ང་ཚོ་ངེས་པར་དུ་ཀྲུང་གོར་འགྲོ་གི་ཡིན། རྒྱ་ཡིག་ཡག་པོ་སྦྱངས་ན་ང་ཚོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”ཅེས་བརྗོད།

    ཨེ་ཐྲེ་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཧོང་མིང་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུང་ཙི་སློབ་གླིང་ནི་2013ལོའི་ཟླ་3པར་བཙུགས་ཤིང་། ཀུའེ་ཀྲོའུ་ནོར་དཔལ་སློབ་ཆེན་དང་ཨེ་རི་ཐྲེ་ཡ་མཐོ་རིམ་སློབ་གསོ་དང་ཞིབ་འཇུག་ཁང་གིས་མཉམ་དུ་བཙུགས་པ་དང་། དེར་རྒྱ་ཡིག་སློབ་ཚན་དང་ཀྲུང་གོའི་རིག་གནས་སློབ་ཚན་བཀོད་སྒྲིག་བྱས་པར། ཐོ་འགོད་བྱེད་མཁན་སློབ་མ་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ཡོད། ལོ་10ལྷག་ཙམ་རིང་། ཨེ་ཐྲེ་ཁུང་ཙི་སློབ་གླིང་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཀྲུང་གོར་རྒྱུས་ལོན་བྱེད་སའི་སྐར་ཁུང་ལྟ་བུར་གྱུར་ཡོད།

    “ཀྲུང་གོར་སློབ་སྦྱོང་བྱེད་རིང་གི་ཉམས་མྱོང་ལས་ངས་དེ་བས་རྒྱ་ཆེ་བའི་འཛམ་གླིང་ཞིག་ མཐོང་བྱུང”

    ལོ་མང་རིང་། ཀྲུང་གོར་སློབ་སྦྱོང་ལ་སྐྱོད་མཁན་རྒྱ་ཆེའི་ཨེ་རི་ཐྲེ་ཡའི་སློབ་མ་དང་གསོ་སྦྱོང་མི་སྣས་རྒྱལ་ཁབ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར། རྒྱལ་ཁབ་དེའི་འཕེལ་རྒྱས་ལ་རམ་འདེགས་བྱེད་མཁན་གྱི་ཤེས་ལྡན་མི་སྣ་དང་ཨེ་རི་ཐྲེ་ཡ་དང་ཀྲུང་གོའི་མཛའ་གྲོགས་ལ་བདེན་དཔང་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ལ་གྱུར་ཡོད།

    ལྷོ་ནུབ་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཨེ་རི་ཐྲེ་ཡའི་འབུམ་རམས་པ་མུའུ་ལུའུ་ཀའེ་ཐ·ཙེ་མུའུ་དབྱི་ཡིས་ཀྲུང་གོར་བརྩེ་དུང་ཟབ་མོ་བཅངས་ཡོད། ལོ་བརྒྱད་ཀྱི་གོང་། པེ་ཅིང་དགེ་འོས་སློབ་ཆེན་ནས་ཤེས་རམས་པའི་སློབ་གནས་རག་རྗེས། མུའུ་ལུའུ་ཀའེ་ཐ་ཡིས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ཐོག“དེ་ནི་ངའི་མི་ཚེའི་གོམ་པ་གལ་ཆེན་ཞིག་ཡིན། དུས་དེ་ནས་བཟུང་ང་ལ་ལྷམ་མཁྲེགས་པོ་ཞིག་ཡོད་པས། ངས་ལྷམ་དེ་ཇི་ཙམ་གྱོན་པ་དེ་ཙམ་གྱིས་ང་ལ་སྟོབས་ཤུགས་སྦྱིན་ངེས་ཡིན”ཞེས་པའི་ཚིག་དུམ་འདི་འདྲ་ཞིག་བྲིས་ཡོད།

    མུའུ་ལུའུ་ཀའེ་ཐ་ཡིས་དཔལ་འབྱོར་དང་། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། ཁོང་གིས། “ཚན་རིག་ཞིབ་འཇུག་སོགས་ཐད་ཀྱི་ཀྲུང་གོའི་སྟོབས་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོར་སློབ་སྦྱོང་བྱེད་རིང་གི་ཉམས་མྱོང་ལས་ངས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཞིག་མཐོང་བྱུང་ལ། དེའི་ཁྲོད་ནས་ང་ལ་ཕན་པའང་ཆེན་པོ་ཐོབ་བྱུང”ཞེས་བརྗོད།

    ལོ་23ལ་སླེབས་པའི་ལི་ཏི་ཡཱ·ཨའེ་སི་ཏི་ཧྥ་ནོ་སི་ཨེ་ཐྲེ་ཁུང་ཙི་སློབ་གླིང་དུ་སློབ་སྦྱོང་བྱས་ནས་ལོ་3སོང་བས། ཀྲུང་གོའི་ཡིག་གཟུགས་དང་ཀྲུང་གོའི་རི་མོ་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། 2024ལོའི་ཨེ་རི་ཐྲེ་ཡའི་འགྲན་ཁུལ་གྱི“རྒྱ་སྐད་འབྲེལ་ཟམ”གྱི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ལི་ཏི་ཡཱ་ཡིས། “ཀྲུང་གོའི་ཡིག་གཟུགས་སྦྱངས་པ་བརྒྱུད། ངའི་སེམས་ལྷིང་འཇགས་དང་དྭངས་གཙང་དུ་གྱུར་སོང་། ང་རང་ཡང་ཀྲུང་གོའི་གྱོན་ཆས་ལ་ཧ་ཅང་དགའ་པོ་ཡོད། སླད་ཕྱིན་ཀྲུང་གོར་སློབ་སྦྱོང་དུ་བསྐྱོད་ནས་ཀྲུང་གོའི་མི་རིགས་མི་འདྲ་བའི་གཞི་རྒྱུ་ཁག་གྱོན་ཆས་ཀྱི་ཇུས་འགོད་ནང་མཉམ་འདྲེས་བྱས་ཏེ། བརྩམས་ཆོས་སྤུས་དག་དེ་བས་མང་བ་གསར་རྩོམ་བྱེད་རྒྱུ་མ་ཟད། ཨེ་རི་ཐྲེ་ཡའི་རིག་གནས་ཀྱང་ཀྲུང་གོའི་གྲོགས་པོ་དེ་བས་མང་བར་མཉམ་སྤྱོད་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཨེ་རི་ཐྲེ་ཡའི་མཐོ་རིམ་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ལས་རོགས་ས་མ་རུའེ་ཡིས། “ང་ཚོས་ལོ་ལྟར་སློབ་མ་སྒྲིག་འཛུགས་བྱས་ནས་ཀྲུང་གོར་འཚམས་འདྲི་དང་སློབ་སྦྱོང་བྱེད་པར་གཏོང་གི་ཡོད། མིག་སྔར། ཨེ་རི་ཐྲེ་ཡའི་སློབ་མ་5000ལྷག་ཙམ་ཀྲུང་གོར་སློབ་སྦྱོང་བྱེད་བཞིན་ཡོད། ཀྲུང་གོའི་སློབ་གསོའི་ཉམས་མྱོང་སྦྱངས་ན། ཨེ་རི་ཐྲེ་ཡའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད”ཅེས་བརྗོད།

    “ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡའི་འོད་སྟོང་འཕྲོ་བའི་ཤེས་དཔལ་མཉམ་དུ་འཛམ་གླིང་ལ་ངོམ་སྟོན་བྱེད”

    ཨ་སི་མ་ལ་ནས་ཐོན་ཏེ་ཀྱག་ཀྱོག་གི་རི་ལམ་བརྒྱུད་ཤར་ཕྱོགས་སུ་དར་གོས་ལམ་བུའི་རྗེས་ཤུལ་འཚོལ་བར་བསྐྱོད། རླངས་འཁོར་ལ་བསྡད་ནས་ཆུ་ཚོད་གཉིས་སོང་རྗེས་གསར་འགོད་པ་ཨེ་རི་ཐྲེ་ཡའི་གྲུ་ཁའི་གྲོང་ཁྱེར་མ་ས་ཝ་རུ་གནས་པའི་བྱང་མཚོ་དམར་ཞིང་ཆེན་རྟེན་མཛོད་ཁང་དུ་འབྱོར།

    རྟེན་མཛོད་ཁང་གི་ཐོག་སོ་གཉིས་པར་ཨ་ཏུའུ་ལི་སི་གནའ་གྲོང་ནས་སྔོག་འདོན་བྱས་པའི་ཀྲུང་གོའི་གནའ་བོའི་རྫ་བཟོའི་ཆང་སྣོད་འགྲེམས་སྟོན་བྱས་པ་དེའི་ཐོག་རྒྱ་ཡིག“དབན”དང་། “ཧོ” “ཁྲན” “ཧྲན”སོགས་འཁོད་ཡོད། བྱང་མཚོ་དམར་ཞིང་ཆེན་རྟེན་མཛོད་ཁང་གི་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་པུའུ་ཡི་འགན་འཁུར་བ་དབྱི་ས་ཡཱ་སི·ཐེ་སི་ཧྥ་ཙི་ཅིས། “རིག་དངོས་འདི་ལས་སྔོན་ཆད་ང་ཚོས་མཚོ་ཐོག་དར་གོས་ལམ་བུ་བརྒྱུད། ཚོང་དོན་འགྲོ་འོང་དང་རིག་གནས་སྤེལ་རེས་བྱས་པ་ར་སྤྲོད་བྱེད་ཐུབ་པས། དེ་ནི་ཨེ་རི་ཐྲེ་ཡ་དང་ཀྲུང་གོའི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན”ཞེས་བརྗོད།

    ཨེ་རི་ཐྲེ་ཡ་རྒྱལ་ཁབ་རྟེན་མཛོད་ཁང་གི་གནའ་རྫས་རྟོག་ཞིབ་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་པ་ཧྥེར་མོང·ཐེ་ཝེར་ཏེ་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། ཁོང་གིས། “ཕྱོགས་གཉིས་པོའི་སྐད་ཡིག་དང་རིག་གནས་སྦྱངས་ཚེ། ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་བསམ་ཤེས་དེ་བས་གང་ལེགས་བྱེད་པར་རོགས་རམ་བྱེད་ཐུབ་ལ། ཕྱོགས་གཉིས་དབར་གྱི་འགྲོ་འོང་ལའང་རམ་འདེགས་ཐུབ་ནས་མཛའ་གྲོགས་ཀྱི་འབྲེལ་ཟམ་འཛུགས་ཐུབ”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།