2025ལོའི“བརྩེ་བས་ཕྱུག་པའི་ཀྲུང་ཧྭ། གང་སར་དཔྱིད་གསར་དགའ་གཏོང”ཞེས་པའི་ཕྱིར་སྡོད་རང་མིར་འཚམས་འདྲིའི་འཁྲབ་སྟོན་འགོ་ཚུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་1ཉིན་གྱི་དགོང་མོར། 2025ལོའི“བརྩེ་བས་ཕྱུག་པའི་ཀྲུང་ཧྭ། གང་སར་དཔྱིད་གསར་དགའ་གཏོང”ཞེས་པའི་ཕྱིར་སྡོད་རང་མིར་འཚམས་འདྲིའི་འཁྲབ་སྟོན་ཕེ་རུའི་རྒྱལ་ས་ལི་མ་རུ་འགོ་ཚུགས་པ་རེད། ཀྲུང་ཕེའི་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་མི་སྣ་དང་ཕྱིར་སྡོད་རང་མིའི་རིགས་ཁོངས་ཀྱི་འཐུས་མི་སོགས་མི་1300ཙམ་འཁྲབ་སྟོན་ལ་ལྟ་བར་སླེབས་ཡོད།
ཞབས་བྲོ《རྫོགས་ལྡན་དུས་ཀྱི་དགའ་སྤྲོའི་གླུ་དབྱངས》དང《གནའ་བོའི་རོལ་དབྱངས》དང་། རྩལ་རྩེད《ཡག་ཐོག་ཡག་བརྩེགས》 ཅིང་ཅུས་ཁྲང་ཞི《རྩེད་གཤོལ་གྱི་བསྟོད་གླུ》དང《བཙུན་མོ་ཆང་གིས་མྱོས》 སེང་རྩེད《མཛའ་གཅུགས་ཁྲི་ལོར་བརྟན་པར་ཤོག》སོགས་འཁྲབ་སྟོན་བྱས་པས། ཚོགས་ར་ཡོངས་སུ་ཚ་རླབས་རབ་ཏུ་འཕྱུར་ནས་ལྟད་མོ་བར་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་བཤམས།
“བརྩེ་བས་ཕྱུག་པའི་ཀྲུང་ཧྭ”ནི་ཀྲུང་གོའི་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་པའི་ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་རིག་གནས་སྤེལ་རེས་ཀྱི་བརྗོད་དོན་གཙོ་བོའི་སྤུས་རྟཌ་ཀྱི་བྱེད་སྒོ་ཞིག་རེད། 2024ལོའི་ལོ་མཇུག་བར། “བརྩེ་བས་ཕྱུག་པའི་ཀྲུང་ཧྭ”ཡི་ཕྱིར་སྡོད་རང་མིར་འཚམས་འདྲིའི་འཁྲབ་སྟོན་ཚོགས་པས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་ཁག་80ལྷག་ཙམ་ལ་འཁྲབ་སྟོན་ཐེངས་1000ལྷག་ཙམ་བྱས་ཡོད། 2025ལོའི་དཔྱིད་གསར་དུས་ཆེན་རིང་། ཀྲུང་གོའི་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས“བརྩེ་བས་ཕྱུག་པའི་ཀྲུང་ཧྭ། གང་སར་དཔྱིད་གསར་དགའ་གཏོང”ཞེས་པའི་ཕྱིར་སྡོད་རང་མིར་འཚམས་འདྲིའི་འཁྲབ་སྟོན་བྱས་ཏེ། ཨེ་ཤེ་ཡ་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་5ལ་འཁྲབ་སྟོན་ཐེངས་8ཙམ་བྱས་ཏེ་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཕྱིར་སྡོད་རང་མི་དང་སྤུན་ཟླར་འཚམས་འདྲི་དང་སེམས་ཁུར་བྱེད་ལུགས་མཚོན་པར་བྱས་པ་རེད།