དིང་རིའི་ཡོམ་ཁུལ་གྱི“སྟབས་བདེའི་སྒོ་རྩིས་ཚོང་ཁང”དང་པོར་བཅར་འདྲི་བྱས་པ།
“མང་ཚོགས་ལ་དགོས་མཁོ་གང་ཡོད་ཚེ་ངའི་སྒོ་རྩིས་ཚོང་ཁང་གིས་དེ་རང་འཚོང་གི་ཡོད”
གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ་ནི་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཁྲོད་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲོང་ཚོའི་གྲས་ཤིག་ཡིན་པ་དང་། གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་125ཡི་ཁང་པ་བརྡིབས་པའམ་ཡང་ན་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། ས་ཡོམ་བརྒྱབ་རྗེས་ཀྱི་ཟླ་ཕྱེད་ནང་ཏང་དང་རྒྱལ་ཁབ་ཀྱི་འགན་སྲུང་ནུས་ལྡན་འོག ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གེགས་ཁུལ་གྱི་མང་ཚོགས་བདེ་བླག་ངང་བཀོད་སྒྲིག་བྱས་པས་འཚོ་བ་བདེ་འཁོད་བྱུང་ཡོད།
དིང་རི་རྫོང་ཨུད་རྩ་འཛུགས་པུའི་རྒྱབ་སྐྱོར་འོག ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུས་གྲོང་མི་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱས་ཏེ། ཏང་དམངས་མཉམ་སྐྲུན་གྱི་ཚོང་ཁང་འཛུགས་རྒྱུའི་གཏན་འཁེལ་བྱས་པ་དང་། སྒོ་རྩིས་ཚོང་ཁང་དང་པོ་དང་བོད་ཟས་ཁང་དང་པོ་བསྐྲུན་འགོ་ཚུགས་པ་རེད།
“སྟབས་བདེའི་སྒོ་རྩིས་ཚོང་ཁང”དང་པོའི་གཉེར་སྐྱོང་དབང་ཆ་སུ་ཞིག་ལ་སྤྲོད་རྒྱུའི་ཐད་གྲོས་བསྡུར་བྱེད་སྐབས། གྲོང་མི་ཚང་མས་སྔོན་ཆད་གྲོང་ཚོའི་ནང་སྒོ་རྩིས་ཚོང་ཁང་གཉེར་མྱོང་ཡོད་པའི་ཝེ་ཆོན་འོས་འདེམས་བྱས་པ་རེད།
“ང་ཚོ་དཀའ་ངལ་ཆེ་བའི་སྐབས་སུ་ཁོང་གིས་འཕྲལ་མར་མཛོད་ཁང་ནས་སྤྱོད་མཁོ་ཆེ་བའི་དངོས་པོ་ཚང་མ་བཏོན་ཏེ་ཚང་མར་བགོས་བྱུང་། མི་ཧ་ཅང་བཟང་པོ་ཞིག་ཡོད་པས། གྲོང་ཚོའི་སྒོ་རྩིས་ཚོང་ཁང་དང་པོ་དེ་ངེས་པར་དུ་ཁོང་ལ་གཉེར་སྐྱོང་བྱེད་དུ་འཇུག་དགོས”ཞེས་གྲོང་ཚོའི་གྲོང་མི་ཕུན་ཚོགས་ཚེ་རིང་གིས་གསར་འགོད་པར་བཤད།
“ཚང་མ་གྲོང་པ་ཁྱིམ་མཚེས་ཡིན་པ་མ་ཟད། ནམ་རྒྱུན་གྱི་འབྲེལ་བ་ཡང་ཧ་ཅང་ཟབ་མོ་ཡོད་པས། གནོད་འཚེ་དང་དཀའ་ངལ་ཆེན་པོའི་མདུན་དུ་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དམངས་སེམས་གཅིག་མཐུན་གྱིས་དཀའ་ངལ་ལས་མཉམ་དུ་སྒྲོལ་དགོས”ཞེས་ཝེ་ཆོན་གྱིས་བཤད།
རོགས་སྐྱོབ་ལེགས་འགྲུབ་བྱུང་རྗེས། གྲོང་མི་ཚང་མ་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་གཅིག་བསྡུས་བྱས་ཡོད། “ཚང་མར་ཟ་རྒྱུ་འཐུང་རྒྱུ་མེད་པ་མཐོང་སྐབས་ངས་རང་ཉིད་ཀྱི་མཛོད་ཁང་ནང་སྟབས་བདེའི་ཐུག་པ་དང་། བཏུང་ཆ། གཏེར་ཆུ་སོགས་དངོས་ཟོག་ཡོད་པ་དྲན་ནས་གཞོན་ནུ་འགའ་ཞིག་བོས་ཏེ། དངོས་ཟོག་དེ་དག་བཏོན་ནས་དགོས་མཁོ་ཡོད་པའི་མང་ཚོགས་ལ་སྤྲད་པ་ཡིན། དེ་ནི་ང་ཚོའི་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་ཞིག་ཡིན་པས། བྱེད་འོས་པ་ཞིག་རེད”ཅེས་དངོས་ཟོག་ཞལ་འདེབས་བརྒྱབ་པའི་སྐོར་གླེང་སྐབས་ཝེ་ཆོན་གྱིས་དེ་ལྟར་བཤད།
“སྟབས་བདེའི་སྒོ་རྩིས་ཚོང་ཁང”གཉེར་རྒྱུ་གཏན་ཁེལ་རྗེས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཝེ་ཆོན་བཙལ་ནས་ཁོང་ལ་ཚང་མས་ཁྱེད་རང་གིས་སྒོ་རྩིས་ཚོང་ཁང་གཉེར་སྐྱོང་བྱེད་པར་མོས་མཐུན་བྱེད་ཀྱི་འདུག་ཅེས་བཤད། ཝེ་ཆོན་གྱིས“གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་ང་ལ་སྒོ་རྩིས་ཚོང་ཁང་དང་པོ་གཉེར་རྒྱུའི་འོས་སྦྱོར་བྱས་པ་ཤེས་རྗེས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དཀའ་ངལ་འཕྲད་པའི་སྐབས་སུ་མང་ཚོགས་ལ་དགོས་མཁོ་གང་ཞིག་ཡོད་ཚེ་ངའི་སྒོ་རྩིས་ཚོང་ཁང་གིས་དེ་རང་འཚོང་གི་ཡིན”ཞེས་བཤད།
མ་གཞི་ས་ཡོམ་གྱི་གནོད་འཚེས་ཝེ་ཆོན་བཟའ་ཚོ་གཉིས་དང་ཟིང་དཀར་གྲོང་ཚོའི་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་ཁོང་ཚོའི་དབར་གྱི་མི་རིགས་ཀྱི་མཛའ་གྲོགས་དེ་གནོད་འཚེའི་དབང་གིས་དེ་བས་ཟབ་ཏུ་ཕྱིན་ཡོད། “གྲམ་མཚོ་ཤང་ནི་ངའི་ཕ་ཡུལ་གཉིས་པ་ཡིན། འདི་གར་རང་ཉིད་ལ་གཅེན་གཅུང་མིང་སྲིང་མང་པོ་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་རེད”ཅེས་ཝེ་ཆོན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
ཉིན་དེར། དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་བོད་ཟས་ཁང་དང་པོ་སྟེ་དིང་རི་མིག་དམར་སྒྲོལ་མའི་བོད་ཟས་ཁང་ཚོང་གཉེར་བྱེད་འགོ་ཚུགས། ཏང་དམངས་མཉམ་སྐྲུན་གྱི་ཟ་ཁང་དེས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བཟའ་བཏུང་གི་ཞབས་ཞུ་མཁོ་འདོན་བྱེད་པ་མ་ཟད། གྲོང་ཚོའི་དཀའ་ངལ་ཡོད་པའི་རྒན་རྒོན་དང་ཕྲུ་གུ་ཚོར་གཟིགས་སྐྱོང་གི་བྱེད་སྒོའང་སྤེལ་གྱི་ཡོད། དྲོ་འཇམ་ཉི་འོད་འོག་གེགས་རྗེས་ཀྱི་འཚོ་བར་རེ་བ་གསར་པས་ཁེངས་ཤིང་། ཐམས་ཅད་རྒྱུན་ལྡན་ལྟར་སླར་གསོ་བྱེད་འགོ་ཚུགས།