ལྷ་སའི་མི་དམངས་ཉེན་རྟོག་པས་དཔྱིད་གསར་དུས་ཆེན་རིང་འཐབ་ས་དང་པོ་བརྟན་སྲུང་བྱས་པ།
ཉིན་མཚན་དབྱེར་མེད་ལས་དོན་བསྒྲུབས། ཡུལ་ཕྱོགས་གཅིག་གི་དུས་བདེ་བསྲུངས།
“སྐུ་ཁམས་བཟང་། ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་སྟོན་རོགས་གནང” “ཁྱེད་ཀྱིས་ཕྲུ་གུ་ཡག་པོ་བལྟས་ན་མ་གཏོགས། བརླག་ཡོང”ཞེས་མི་དམངས་ཉེན་རྟོག་པ་ལུའི་དབྱི་ཡིས་རྒྱུན་གཏན་ལྟར་སྲང་ལམ་གྱི་རྒྱབ་མདུན་དང་མི་ཚོགས་མང་ས་སོགས་སུ་སྐོར་ཞིབ་ཚོད་འཛིན་བྱས་ནས། མང་ཚོགས་ཚོས་ལོ་གསར་ཀྱི་མཁོ་ཆས་ཉོ་སྒྲུབ་བདེ་བ་དང་ལོ་གསར་གྱི་རྣམ་པ་ཚོར་བར་བྱེད་པ་དང་ཆབས་ཅིག ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བདེ་འཇགས་ཀྱང་སྲུང་སྐྱོང་བྱེད་བཞིན་མཆིས།
ལུའི་དབྱི་ནི་ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་སྐྱིད་རས་མངགས་གཏོང་ཁང་ཁྲེང་ཀོན་བུ་བཅོལ་ཁང་དང་པོའི་དམངས་ཕན་ཉེན་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན་ཞིང་། ཁོང་ཡོད་སའི་ཉེན་དོན་ས་ཚིགས་ནི་ལྷ་སའི་གྲོང་ཁུལ་རྙིང་པར་གནས་པ་དང་ཁོངས་གཏོགས་ཁུལ་དུ་རྒྱུན་སྡོད་དང་གནས་སྐབས་སྡོད་མཁན་ཁྱོན་མི་གྲངས་1700ཙམ་ཡོད། ཁོངས་གཏོགས་ཁུལ་དུ་ཚོང་ཁང་མང་བ་དང་མང་ཚོགས་འགྲོ་འོང་མང་བས། འཆམ་མཐུན་གྱི་རྣམ་པ་སྲུང་སྐྱོང་བྱ་ཆེད། ལུའི་དབྱི་དང་ཁོང་གི་ལས་རོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་དང་སྐོར་གཡེང་ལ་ཤུགས་སྣོན་བརྒྱབ་སྟེ་འགལ་བ་དང་རྩོད་གཞི་ཤེས་ཚེ་འཕྲལ་དུ་ཐག་གཅོད་བྱེད་ཀྱི་ཡོད།
“དུས་རྒྱུན་དང་བསྡུར་ཚེ་དཔྱིད་གསར་དུས་ཆེན་རིང་གི་སྐོར་གཡེང་ཚོད་འཛིན་དེ་བས་ནན་པ་དང་། ཧ་ལམ་ཆུ་ཚོད་ཕྱེད་ཀ་ཙམ་ལ་སྐོར་གཡེང་ཐེངས་རེ་བྱེད་དགོས་པ་མ་ཟད། ལོ་གསར་གཏོང་རིང་ཚང་མས་ཆུ་ཚོད་24ཡི་རིང་རེས་མོས་ངང་ལས་རེས་བྱེད་དགོས་ཀྱི་ཡོད། ད་ཐེངས་ནི་2011ལོར་ལས་ཀར་ཞུགས་ཚུན་ལྷ་སར་དཔྱིད་གསར་དུས་ཆེན་གཏོང་ཐེངས་བརྒྱད་པ་དེ་ཡིན”ཞེས་ལུའི་དབྱི་ཡིས་བཤད་པ་དང་། ནང་མིའི་སྐོར་གླེང་སྐབས་ལུའི་དབྱི་ཡིས་ཅུང་སྐྱོ་སྣང་དང་བཅས་ཕྲུ་གུ་ཚོ་དང་མ་ཐུག་པར་ལོ་གཅིག་ལྷག་ཙམ་ཕྱིན་སོང་། མ་གཞི་ནང་ལ་ལོག་འདོད་ཆེན་པོ་འདུག འོན་ཀྱང་ལས་ཀར་འགྲོ་དགོས་ལ། གནས་འདིའི་མི་སེར་ཚོའི་བདེ་འཇགས་སྲུང་དགོས་པས་ཐབས་ཤེས་མི་འདུག”ཅེས་བཤད།
སྐོར་ཞིབ་ཚོད་འཛིན་མཇུག་འགྲིལ་རྗེས། ལུའི་དབྱི་དང་ལས་རོགས་ཚོས་འཕྲལ་དུ་ཁོངས་གཏོགས་ཁུལ་གྱི་དུད་ཚང་དང་ཚོང་ཁང་ལ་རེ་རེ་བཞིན་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་དང་མེ་ཟོན་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་བྱས་ནས། ངང་རྒྱུད་རིང་པོས་ཁོང་ཚོར་ཁ་བསླུས་རྒྱག་ཐབས་སྣ་ཚོགས་དང་དེ་བཞིན་ཁ་བསླུས་ཀྱི་ཁ་པར་དང་འཕྲིན་ཐུང་དབྱེ་འབྱེད་ཇི་ལྟར་བྱེད་དགོས་ལུགས་གསལ་འགྲེལ་བྱས་པ་དང་། ཚོང་ཁང་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ཏེ་ཚོང་དུད་ལ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རོགས་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཇི་ལྟར་བྱ་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད།
“མི་དམངས་ཉེན་རྟོག་པའི་དྲིལ་བསྒྲགས་ཉན་རྗེས་ཤེས་བྱ་མང་པོ་ཤེས་བྱུང་། ངས་ཀྱང་ཤེས་བྱ་དེ་དག་ལས་མི་ཚོར་གསལ་འགྲེལ་བྱས་ཏེ་མེ་ཟོན་བདེ་འཇགས་བློ་ལ་བརྟན་པོར་ངེས་ནས་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་ཀྱི་ཡིན”ཞེས་ཚོང་པ་མཱ་མཱ་ནེས་བཤད།
རྩོད་གཞི་འདུམ་འགྲིག་དང་། སྐོར་གཡེང་འགོག་ཟོན། ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས། མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་སོགས་གང་དུ་དགོས་མཁོ་ཡོད་ཚེ་ལུའི་དབྱི་དང་ཁོང་གི་ལས་རོགས་དེ་གར་ཐོན་སྲིད།
ཞོགས་པའི་སྐོར་གཡེང་ནས་མཚན་མོའི་སྡོད་བྱའི་བར་ལུའི་དབྱི་དང་འདྲ་བའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ཁྲི་སྟོང་མང་པོ་ཡོད་ཅིང་། ཁོང་ཚོས་ལས་དོན་སྒྲུབ་སྟངས་མི་འདྲ་བའི་ཐོག་ནས་འགན་འཁྲི་གཅིག་མཚུངས་ཁུར་ཏེ་ཉིན་མཚན་དབྱེར་མེད་དུ་ལས་དོན་བསྒྲུབས་ནས་ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་བཞིན་མཆིས།