རང་ལྗོངས་ཀྱིས་བོད་དུ་ཡོང་མཁན་གྱི་གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་གི་གཟིགས་སྐྱོང་བྱེད་སྒོ་སྤེལ་བ།
གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་མངོན་མེད་སྟོབས་ཤུགས་འཕེལ་བར་བྱེད་པ་དང་། བོད་ཀྱི་རིག་གནས་ཡུལ་སྐོར་དུས་བཞིར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་དང་དགོས་མཁོ་ཕྱོགས་གཉིས་ཀའི་ནུས་པ་ཐོན་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱིས་བོད་དུ་ཡོང་མཁན་གྱི་གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་དྲ་ཐོག་ཡུལ་སྐོར་ལས་སྟེགས་ནས། བོད་དུ་འགྲོ་འོང་བྱེད་པའི་གནམ་གྲུའི་སྤ་སེ་དུས་གཅིག་ཏུ་མངག་ཉོ་བྱས་པ་དང་། ཉིན་4ནས་21ནང་ཚུན་དུ་འགྲོ་འོང་གི་དུས་གཏན་གནམ་གྲུར་བསྡད་ནས་བོད་དུ་ཡུལ་སྐོར་དུ་ཡོང་བ། ཞག་པོ་3དང་དེ་ཡན་རིང་བོད་ལྗོངས་ཁུལ་གྱི་གསོལ་མགྲོན་ཁང་ངམ་ཡང་ན་དམངས་སྲོལ་གནས་ཚང་སྔོན་མངགས་བྱས་ནས་བསྡད་པ་བཅས་མངགས་ཐོར་དངོས་སུ་སྤྲད་པའི་དངུལ་འབོར་སྒོར་450ལས་མི་ཉུང་བའི་ཡུལ་སྐོར་བར“བོད་ཀྱི་ཡུལ་སྐོར་གནམ་གྲུའི་སྤ་སེའི་རིན་གོང་ཆག་ཡང་ངམ་རྩ་ཆག”གི་ཁ་གསབ་ཚད་བཀག་བཟོས་ནས་སྤྲོད་རྒྱུ་ཡིན་ཞིང་། ཁ་གསབ་ཀྱི་ཆ་རྐྱེན་དང་མཐུན་པའི་རང་མིང་སྤྱོད་མཁན་ལ་གནམ་གྲུའི་སྤ་སེ་གཅིག་གི་རིན་གོང་དང་མཚུངས་པའི་དངུལ་སྨར་ཕྱིར་སློག་བྱ་རྒྱུ(ཕྱིར་སློག་བྱས་པའི་དངུལ་སྨར་གྱི་གྲངས་འབོར་ནི་སྤྱོད་མཁན་གྱིས་འགྲོ་འོང་བྱས་པའི་གནམ་གྲུའི་སྤ་སེར་དངོས་སུ་སྤྲད་པའི་དངུལ་གྲངས་དང་མཚུངས)དང་། ཕྱིར་སློག་དངུལ་གྲངས་མཐོ་ཤོས་སྒོར་1800སྤྲོད་རྒྱུ་དང་ཁ་གསབ་མི་གྲངས་ཁྲི་1བཟོས་ཡོད་པ་རེད། དྲ་ཐོག་ཡུལ་སྐོར་ལས་སྟེགས་ནས། བོད་དུ་བསྐྱོད་པའི་མེ་འཁོར་གྱི་སྤ་སེ་སྔོན་མངག་བྱས་པ་དང་འབྲེལ་ཡུལ་སྐོར་ལ་དངོས་སུ་ཡོང་བ་དང་། ཞག་པོ་3དང་དེ་ཡན་རིང་བོད་ལྗོངས་ཁུལ་གྱི་གསོལ་མགྲོན་ཁང་ངམ་ཡང་ན་དམངས་སྲོལ་གནས་ཚང་སྔོན་མངགས་བྱས་ནས་བསྡད་པ་བཅས་མངགས་ཐོར་དངོས་སུ་སྤྲད་པའི་དངུལ་འབོར་སྒོར་450ལས་མི་ཉུང་བའི་ཡུལ་སྐོར་བར“བོད་དུ་ཡུལ་སྐོར་ལ་སྐྱོད་པའི་མེ་འཁོར་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག”གི་ཁ་གསབ་ཚད་བཀག་བཟོས་ནས་སྤྲོད་རྒྱུ་ཡིན་ཞིང་། ཁ་གསབ་ཀྱི་ཆ་རྐྱེན་དང་མཐུན་པའི་སྤྱོད་མཁན་ལ་རང་མིང་གི་རྩིས་ཐོ་ནས་ཉོས་པའི་རང་སོ་སོའི་མེ་འཁོར་སྤ་སེ་གཅིག་གི་རིན་གོང་དང་མཚུངས་པའི་དངུལ་སྨར་ཕྱིར་སློག(ཕྱིར་སློག་དངུལ་གྲངས་ནི་སྤྱོད་མཁན་གྱིས་བོད་དུ་བསྐྱོད་པའི་མེ་འཁོར་སྤ་སེར་དངོས་སུ་སྤྲད་པའི་དངུལ་གྲངས་དང་མཚུངས)བྱ་རྒྱུ་དང་ཕྱིར་སློག་དངུལ་གྲངས་མཐོ་ཤོས་སྒོར་800སྤྲོད་རྒྱུ་དང་ཁ་གསབ་མི་གྲངས་ཁྲི་1བཟོས་ཡོད་པ་རེད།