བོད་ཀྱི“སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག”ནས་ཞིང་ཆེན་གཞན་དུ་གཉེན་ཉེའི་སྨན་རིན་སྤྲོད་ཐུབ་པ།
ཉེ་ཆར། བོད་ཀྱི“སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག”དྲ་ཐོག་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་དེ་ཐོག་ནས་བོད་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བསྒྲལ་ནས་དངོས་སུ་མཉམ་སྤྱོད་ཐུབ་པ་མཚོན་གྱི་ཡོད། མིག་སྔའི་བར། བོད་ལྗོངས་འདི་ཉིད་ནི་རྒྱལ་ཡོངས་ཀྱི་ས་ཁོངས་ཧྲིལ་པོར“སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག”སྤྱོད་མཁན་ཞིང་ཆེན་བཞིའི་གྲས་ཤིག་རེད།
ན་ནིང་ཟླ་བ་10པ་ནས་བཟུང་། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས“སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བསྒྲལ་ནས་གཉེན་ཉེར་སྤྱོད་མི་ཐུབ་པའི”གནད་དོན་ལ་དམིགས་པ་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་བརྩོན་ལེན་ཧུར་ཐག་བྱེད་པ། ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱོད་པ། “སྨན་བཅོས་འགན་བཅོལ་དངུལ་ཁུག”འཛུགས་པའི་བྱ་ཐབས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་བཟའ་ཟླ་དང་། ཕ་མ། བུ་ཕྲུག གཅེན་གཅུང་སོགས་གཉེན་ཉེའི“སྨན་བཅོས་འགན་བཅོལ་དངུལ་ཁུག”ནང་སྒྱུར་བ། གཉེན་ཉེའི་དབར་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བསྒྲལ་ནས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་བོད་སྐྱོད་ལས་བྱེད་པ་དང་ལས་བཟོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།
མི་སྒེར་གྱི་རྩིས་ཐོ་ཡོད་པའི་བོད་ཀྱི་འགན་བཅོལ་ལ་ཞུགས་མཁན་ལས་བཟོ་ཚོས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་APPཐོག“སྨན་བཅོས་འགན་བཅོལ་དངུལ་ཁུག”བཟོ་རྒྱུའི་རེ་ཞུ་བྱས་ཏེ“སྨན་བཅོས་འགན་བཅོལ་དངུལ་ཁུག”གི་རྩིས་སྒྱུར་བྱེད་ནུས་བརྒྱུད་མི་སྒེར་གྱི་རྩིས་ཐོའི་མ་དངུལ“སྨན་བཅོས་འགན་བཅོལ་དངུལ་ཁུག”ཡོད་པའི་གཉེན་ཉེར་སྒྱུར་ཆོག སྒོ་བསྟེན་སྨན་བཅོས་དང་། སྨན་ཁང་དུ་སྡོད་པ། སྨན་རྫས་ཚོང་ཁང་ནས་སྨན་ཉོས་པ་བཅས་ཀྱི་གཉེན་ཉེའི་སྨན་རིན་ལས་མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་ཚང་མ“སྨན་བཅོས་འགན་བཅོལ་དངུལ་ཁུག”སྤྱད་དེ་སྤྲད་ཆོག རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སྨན་བཅོས་འགན་བཅོལ་དངུལ་ཁུག་ཁྱབ་གདལ་དང་བེད་སྤྱོད་ཧུར་ཐག་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་དུ་ཞིང་ཆེན་བསྒྲལ་ནས་སྦྲེལ་མཐུད་མཉམ་འདུམ་བྱས་ཏེ་རྒྱལ་ཡོངས་སུ་རིམ་བཞིན་ཁྱབ་པར་བྱས་ནས། བོད་ཀྱི་ལས་བྱེད་ལས་བཟོ་དང་ཁོང་ཚོའི་གཉེན་ཉེ་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།