དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞབས་འདེགས་ཞུས་པ།

    བོད་ཀྱི་འགག་སྒོའི་ཚོང་དོན་ལ་གསོན་ཤུགས་རྒྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-05

    སྒོ་མོ་ཕྱེ་བའི་བོད་ལྗོངས། ལས་རིགས་དར་བའི་ས་གཞི་གཤིན་པོ། བོད་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

    ན་ནིང་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་67.67བྱས་པ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་60.31%བཟུང་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ས་བབ་ཀྱི་ལེགས་ཆ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

    ཚན་རྩལ་གྱིས་འགག་སྒོར་འདེགས་སྐྱོར་བྱས་ནས་ཚོང་དོན་ཉིན་རེ་བཞིན་འཁྲུག་ཏུ་བཏང་བ།

    འགག་སྒོ་ནི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་རྒྱལ་སྒོ་གལ་ཆེན་ཞིག་ཡིན་ལ། ཕྱི་ཕྱོགས་འགྲོ་འོང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་ཟམ་ལྟ་བུ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འགག་སྒོའི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་འགག་སྒོ་དེ་བས་སྒྲོལ་བདེ་རུ་ཕྱིན་པ་དང་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་ཉིན་རེ་བཞིན་འཁྲུག་ཆ་དོད་དུ་སོང་ཡོད། ན་ནིང་ཟླ་དང་པོ་ནས་བཅུ་གཅིག་པའི་བར། བོད་ཀྱི་སྐམ་ལམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་21ཟིན་པ་དེ་དུས་མཚུངས་ལས་48.3%འཕར་ཡོད་པ་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཚུན་དུ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རིག་ལྡན་འགག་སྒོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འགག་སྒོའི་རིག་ནུས་ཅན་གྱི་ལྟ་འདོམས་སྒྲིག་ཆས་དང་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱས་ཏེ། “བདེ་འཇགས་རིག་ལྡན་སྐོར་ཞིབ་ལས་སྟེགས”དང“རིག་ལྡན་ཡུལ་སྐོར་ཞིབ་བཤེར”སོགས་རྣམ་གྲངས་ཁྱབ་གདལ་དང་། “རིག་ལྡན་ཟོག་འགྲེམས་ལྟ་འདོམས”སོགས་རྣམ་གྲངས་རང་སྐྱོང་ལྗོངས་ཀྱི་རིག་ལྡན་འགག་སྒོ་དང་རིག་ལྡན་མཐའ་མཚམས་མཉམ་འདྲེས་འཕེལ་རྒྱས་ནང་འཇུག་པར་སྐུལ་འདེད་ཧུར་ཐག ལྟ་འདོམས་ཀྱི་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཅས་བཏང་སྟེ། བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་གཞི་ཁྱོན་དེ་བས་ཆེ་བ་དང་། གྲུབ་ཆ་དེ་བས་ལེགས་པ། གསོན་ཤུགས་དེ་བས་ཆེ་བ་བཅས་ལྡན་པར་སྐུལ་འདེད་བཏང་ཡོད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། བོད་ཀྱི་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་31.65ཟིན་པ་དེ་དུས་མཚུངས་ལས་30.5%འཕར་བ་དང་། མཐའ་མཚམས་མང་ཚོགས་ཀྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་0.4ཟིན་པ་དེ་དུས་མཚུངས་ལས་0.2%འཕར་ཡོད།

    མཐའ་མཚམས་མང་ཚོགས་ཀྱི་ཉོ་ཚོང་ནི་མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་གྱི་ཉོ་ཚོང་རྣམ་པ་ཞིག་ཡིན་པའི་ཆ་ནས། རང་རྒྱལ་གྱིས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་མཐའ་མཚམས་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཡིན། སྐྱིད་གྲོང་འགག་སྒོའི་མཐའ་མཚམས་མང་ཚོགས་ཀྱི་ཉོ་ཚོང་ཁྲོམ་རའི་ཞུ་འབུལ་ཚོམས་ཆེན་དུ་སྐྱོད་སྐབས་མཐའ་མཚམས་མང་ཚོགས་40ལྷག་ཙམ་འགག་སྒོའི་ཚོམས་ཆེན་དུ་ཕྱིར་གཏོང་ནང་འདྲེན་གྱི་འགྲོ་ལུགས་གཉེར་བཞིན་ཡོད་པ་དང་། ལྷ་མོ་ནི་དེའི་གྲས་ཤིག་རེད། དེ་ཉིན་ཁོ་མོས་ནེ་པ་ལའི་དྲི་ཞིམ་འདག་རྫས་དང་སོ་སྨན་སོགས་འཚོ་བའི་མཁོ་ཆས་ཁག་གཅིག་ནང་འདྲེན་བྱེད་རྩིས་འདུག

    མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་སྤུས་ལེགས་ནང་འདྲེན་དང་ཕྱིར་གཏོང་མངོན་འགྱུར་ཡོང་བར་བྱས་པ།

    2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ནེ་པ་ལས་བོད་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་པོ་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་པས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་44.16ཟིན་པ་དེ་དུས་མཚུངས་ལས་75.8%འཕར་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཀྲུང་གོ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས་ཐོག་གྲོས་ཐག་བཅད་པའི་དོན་ཚན་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་གོ་དང་ནེ་པ་ལའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བཞིན་ཡོད།

    ན་ནིང་གི་ཟླ་7པར། རེས་སྐོར་33པའི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་འགག་སྒོའི་འཚམས་འདྲིའི་བྱེད་སྒོ་ལྷ་སར་སྤེལ་ནས། ཕྱོགས་གཉིས་པོས་འགག་སྒོའི་མཐུན་སྦྱོར་མཉམ་ལས་དང་སྤུས་ལེགས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་མོལ་བྱས་པ་དང་འབྲེལ། ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡང་བྱུང་ཡོད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་རང་རྒྱལ་གྱིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་སྲོལ་རྒྱུན་སྨན་རྫས་ཁྱབ་ཁོངས་དང་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་ཡོད། 2024ལོར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས《ནེ་པ་ལ་ནས་ནང་འདྲེན་བྱས་པའི་ཀྲུང་ལུགས་སྐྱེ་དངོས་སྨན་རྒྱུའི་བརྟག་བཤེར་བླང་བྱའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས་རིམས་ནད་བརྟག་བཤེར་གྱི་བླང་བྱ་དང་མཐུན་པའི་ར་མཉེ་དང་ཀོ་ཤ་སོགས་ཀྲུང་ལུགས་སྨན་རྒྱུ་སྣ་ཁ་15དང་སྨན་སྤྱོད་སྐྱེ་དངོས་ཐོན་རྫས་ནང་འདྲེན་བྱེད་ཆོག་གི་ཡོད་པ་རེད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། བོད་ཀྱི་སྐམ་ལམ་འགག་སྒོ་བརྒྱུད་ནེ་པ་ལ་ནས་ནང་འདྲེན་བྱས་པའི་ཀྲུང་ལུགས་སྐྱེ་དངོས་སྨན་རྒྱུའི་རིན་ཐང་སྒོར་ཁྲི་464.42ཟིན་པ་དེ་དུས་མཚུངས་ལས་266.8%འཕར་ཡོད།

    དེ་དང་ཆབས་ཅིག རང་རྒྱལ་གྱི“རིགས་གསར་པ་གསུམ”(ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས)འཕེལ་རྒྱས་མྱུར་བའི་གོ་སྐབས་དང་ནེ་པ་ལའི་ཁྲོམ་རའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོའི་མདུན་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་པ་དེ་རིམ་བཞིན་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕར་གཞི་གསར་པར་གྱུར་ཡོད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། བོད་ཀྱི་འགག་སྒོ་ནས་རང་རྒྱལ་ནས་ཐོན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་གི་ཚོང་ཟོག་རིན་ཐང་སྒོར་དུང་ཕྱུར་2.83ཟིན་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་མཉའ་ལམ་འགག་སྒོའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ང་ཚོས་རང་རྒྱལ་ནས་ཐོན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་ཞུ་འབུལ་གྱི་ཆེད་དོན་སྐར་ཁུང་བཙུགས་ཏེ“སྔ་སྣུར་དུ་རེ་ཞུ་བྱེད་པ་དང་འབྱོར་མ་ཐག་ཞིབ་བཤེར་བྱེད་པ”སོགས་འགག་སྒྲོལ་སྟབས་བདེ་ཅན་གྱི་བྱེད་ཐབས་ལག་བསྟར་བྱས་ནས་རླངས་འཁོར་བདེ་འཇགས་ངང་ཕྱིར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

    ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་རྒྱུ་མཐའ་འཁྱོངས་བྱས་ཡོད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་20%འཕར་བ་དང་། ལྷ་སའི་བོད་རག་དང་། གཞིས་རྩེའི་ལུག ལྷོ་ཁའི་ཀུ་ཤུ། ཆབ་མདོའི་རྒུན་ཆང་། ཉིང་ཁྲིའི་ཀུ་ཤུ། ནག་ཆུའི་དབྱར་རྩྭ་དགུན་འབུ། མངའ་རིས་ཀྱི་གཏེར་ཆུ་བཅས་ཕྱིར་གཏོང་ཐུབ་པ་དང་ས་གནས་ཁག་དང་གྲོང་ཁྱེར་ཚང་མའི་ཡུལ་ཟོག་ཕྱིར་གཏོང་ཐུབ་ནས། “བོད”ཀྱི་ཚོང་རྟགས་ཡོད་པའི་ཞིང་ལས་ཐོན་རྫས་སྔར་ལས་མང་བར་རྒྱལ་སྤྱིའི་ཁྲོམ་རའི་དགའ་བསུ་ཐོབ་ཡོད།

    ན་ནིང་ནས་བཟུང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་འགུལ་ངང་བོད་ཀྱི་ཡུལ་ཟོག་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁེ་ལས་དང་འབྲེལ་གཏུག་བྱས་ཏེ་ལས་སྒོའི་རྐང་འཛིན་པ་བདམས་ནས་ཁེ་ལས་ལ“གཅིག་གཏད་གཅིག”གི་ལས་སྒོའི་བློ་འདྲི་དང་སྲིད་ཇུས་མཛུབ་ཁྲིད་བྱས་པ་རེད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་110.645ཟིན་པ་དེ་དུས་མཚུངས་ལས་15.2%འཕར་ནས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་98.6%བཟུང་ཡོད།

    བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱེད་པར་རམ་འདེགས་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལག་རྩལ་གྱི་ལེགས་ཆ་བཏོན་ནས་ཁྱད་ལྡན་ཐོན་རྫས་ལ་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་རྒྱབ་སྐྱོར་བྱས་ཏེ། བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་པར“མངའ་ཁོངས་དང་འགག་སྒོ་ཟུང་འབྲེལ”གྱི་ཕྱིར་གཏོང་འཁོར་འབྲེལ་ཡོངས་ཀྱི་ལྗང་མདོག་བགྲོད་ལམ་གཏོད་པ་དང“སྤྲིན་ཚོམ་ཆོག་མཆན་སྤྲོད་པའི”ལག་བསྟར་ལ་སྐུལ་འདེད་བཏང་སྟེ། གློག་རྡུལ་རྩིས་ཐོར་ཆོག་མཆན་སྤྲོད་པའི་དུས་ཚོད་དེ་སྔའི་ལས་ཀའི་ཉིན་གྲངས་1ནས་ད་ལྟའི་སྐར་མ་10ཡི་ནང་ཐུང་དུ་བཏང་བས་ཁེ་ལས་ཀྱི་འགག་སྒོ་སྒྲོལ་བའི་མ་གནས་དམའ་རུ་ཕྱིན་ནས་ཁྱད་ལྡན་དང་དགེ་མཚན་ལྡན་པའི་ཐོན་རྫས་འགག་སྒོ་སྒྲོལ་བར“དུས་ཚོད་ནར་འགྱངས་མེད་པ་དང་སྒུག་མི་དགོས་པའི”འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།