དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁྱད་ལྡན་ཐོན་རྫས་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་པ།

    རང་ལྗོངས་ཀྱིས་ཞིང་ལས་ཐོན་རྫས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-05

    ཉིན་ཤས་གོང་། ཕོ་བྲང་པོ་ཏ་ལའི་འདབས་ཀྱི་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་ཞིག་ཏུ་ཀྲེ་ཅང་གི་ཡུལ་སྐོར་བ་སྐུ་ཞབས་ཝང་ལགས་ཀྱིས་ཇ་ལོ་ཉོ་བཞིན་ཡོད། ཁོང་གིས“མེ་ཏོག་གི་ཇ་ལོར་མཚོན་བྱེད་རང་བཞིན་ཆེན་པོ་ཡོད་པ་གོ་ཐོས་བྱུང་བས། ངས་ཇ་ལོ་སྣ་ཁ་མི་འདྲ་བ་ཁ་ཤས་ཉོས་ནས་གྲོགས་པོ་ཚོར་བོད་ཀྱི་ཇ་ལོའི་བྲོ་བ་མྱོང་དུ་འཇུག་རྩིས་ཡོད”ཅེས་བཤད།

    ལོ་མང་རིང་། མེ་ཏོག་གི་ཇའི་ལས་རིགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལེགས་པ། ལེགས་པ་ནས་རྩེ་གྲའི་བར་གྱི་ཐོན་ལས་ལ་འཕེལ་རྒྱས་ཡག་པོ་བྱུང་ཡོད། “ཉིང་ཁྲི་གྲོང་ཁྱེར་མེ་ཏོག་ཇ་ལས་ཚད་ཡོད་ཀུང་སིས‘སྲིད་གཞུང་དང་། ཁེ་ལས། རྟེན་གཞི། ཞིང་དུད། དངོས་ཚན་ཚོང་ཁང(དྲ་ཐོག་ཚོང་ཁང)’བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྤྱད་དེ‘མེ་ཏོག་གི་ཇ་ལོ་འཐུ་མཁན’གྱི་ངལ་ལས་སྤུས་རྟགས་ཧུར་ཐག་བཏོད་ཅིང་། མིག་སྔར། མེ་ཏོག་རྫོང་གི་གྲོང་ཚོ་31གི་མི་གྲངས་8600ལྷག་ཙམ་ལས་ཞུགས་ཐུབ་པར་རོགས་སྐྱོར་བྱས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་ཇ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བས་ངོ་སྤྲོད་བྱས།

    མེ་ཏོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་6ཀྱང་མེད་པའི་ཡ་རང་གྲོང་ཚོའི་ཇ་ཞིང་ར་བར་ཡུལ་མི་ལྷ་མོས་ཇ་ཤིང་སྡོང་པོའི་སྐྱེ་འཚར་ལ་ལྟ་བཞིན་དུ། “ངའི་ཁྱིམ་གྱིས་ཇ་ལོ་བཏབ་ནས་ལོ་བདུན་ཕྱིན་སོང་། ཇ་ལོར་བརྟེན་པས་ང་ཚོའི་ཡོང་འབབ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་བཤད། ཇ་ལོའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པས།

    ལྷ་མོ་དང་འདྲ་བའི་ས་གནས་དེ་གའི་མི་རྣམས་ཕྱིར་སྐྱོད་མི་དགོས་པར་ཕྱུག་པོ་ཆགས་ཡོད། ཇ་ལོ་ཆུང་ཆུང་དེ་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།

    མེ་ཏོག་རྫོང་ཙམ་མ་ཟད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལྗོངས་ནང་ཁུལ་གྱི“རྫས་གསུམ་རྟགས་གཅིག”གི་ཚད་གཞི་སྤྱོད་མཁན་ཁེ་ལས་རྒྱལ་ཡོངས་གྱི“ཞིང་ལས་ཐོན་རྫས་འགྲེམས་ཚོགས”དང“ལྗང་མདོག་ཐོན་རྫས་འགྲེམས་ཚོགས”སོགས་དངོས་མང་སྟོན་ཚོགས་ཆེ་གྲས་ནང་ཞུགས་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་1དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་4བདེ་བླག་ངང་བཙུགས་པ། 2024ལོར། ལྷུན་གྲུབ་རྫོང་དང་། རྒྱལ་རྩེ་རྫོང་། ལྷོ་རོང་རྫོང་བཅས་སུ་རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞི་3དང་། སྤོ་བོ་རྫོང་དང་། རུ་ཐོག་རྫོང་། རྫ་ཡུལ་རྫོང་བཅས་སུ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་རྟེན་གཞི་3གཙོ་གནད་ཐོག་འཛུགས་གཏོད་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས། གྲགས་ཅན་ཁྱད་ལྡན་སྤུས་ལེགས་བཅས་ཀྱི་ཞིང་ལས་ཐོན་རྫས་གསར་པ་404ཁས་ལེན་དཔང་འདོན་བྱས་པ་རེད།

    གཞན་ཡང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གྲོང་ཁྱེར(ས་ཁུལ)ཁག་ལ“རྫས་གསུམ་རྟགས་གཅིག”གི་ཁེ་ལས་ཀྱི་ཁུངས་འདེད་མ་ལག་ཞིབ་དཔྱད་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་རྒྱུན་མཐུད་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཁུངས་འདེད་ལས་སྟེགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྟེགས་ཀྱི་དྲ་རྒྱ་བཀོལ་སྤྱོད་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དཔེ་དུམ་ཇུས་འགོད་ལེགས་སུ་བཏང་ནས་ཁུངས་འདེད་ལས་སྟེགས་འཁོར་སྐྱོད་བརྟན་པོ་དང་སྟབས་བདེ་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔར། ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་ཐོན་སྐྱེད་བྱེད་པོ་400དང་། ཐོན་རྫས་381 ཁག་ཐེངས་39701 ཁུངས་འདེད་མཆན་རྟགས་39701 ཁུངས་འདེད་ཨང་རྟགས་པར་འདེབས་ཚད་16200 ཁུངས་འདེད་འདྲི་རྩད་བྱེད་ཐེངས་23152བཅས་ཟིན་ཡོད་པ་རེད།

    ལོ་མང་རིང་རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི“རྫས་གསུམ་རྟགས་གཅིག”གི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་བས། ས་མཐོའི་ཞིང་ལས་ཐོན་རྫས་བརྒྱ་ཕྲག་ཁ་ཤས་ལ་གསོན་ཤུགས་གསར་པ་རྒྱས་ཏེ། སྣ་ཁ་གསར་པ་དང་། སྤུས་ཀ་ལེགས་པ། སྤུས་རྟགས་གསར་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་་ཡོད། སྲོལ་རྒྱུན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་རྨང་གཞི་གཏིང་ཟབ་པའི་ཞིང་ལས་ཐོན་རྫས་དེ་དག་རྒྱལ་ནང་ཙམ་མ་ཟད་ཐ་ན་ཕྱི་རྒྱལ་གྱི་ཁྲོམ་རར་ཡང་བྲིན་ཁ་རྒྱུག་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།