ལྷ་ས་གྲོང་ཁྱེར་གྱིས་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་ནས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
2024ལོར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“གདོང་དམག་བདུན”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས“སྤུས་རྟགས་གཅིག་སྐྱེད་སྲིང་དང་། ཕྱོགས་གཅིག་གི་ཐོན་ལས་ལ་སྐུལ་ཁྲིད། ཕྱོགས་གཅིག་གི་ཡོང་འབབ་བརྟན་པོ”བཅས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་། ཚོང་རྟགས་དང་སྤུས་རྟགས་ལ་བརྟེན་ནས་ཞིང་པ་ཕྱུག་པོ་ཆགས་པ་དང་ས་ཁམས་མཚོན་རྟགས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་དེ་ཤེས་རིག་བདག་དབང་ལས་དོན་གྱི་འགག་རྩའི་ལས་འགན་ལ་བརྩིས་ཏེ། རིན་ཐང་མཐོ་བའི་ས་ཁམས་མཚོན་རྟགས་དང་ས་ཁོངས་ཀྱི་སྤུས་རྟགས་སྐྱེད་སྲིང་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་ཐོག ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་གང་ཐུབ་བྱས་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
མིག་སྔའི་བར། ལྷ་ས་གྲོང་ཁྱེར་ལ་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་23དང་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་7ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ར་འཕྲོད་ཚོང་རྟགས“འདམ་གཞུང་གི་ནོར་ནག”ནི་ལྷ་ས་གྲོང་ཁྱེར་གྱིས་རང་ཡུལ་གྱི་ཐོན་ཁུངས་སྔོག་འདོན་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། 2023ལོར། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱིས“འདམ་གཞུང་གི་ནོར་ནག”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་གྲབས་འཛུགས་རྣམ་གྲངས་ཀྱི་གྲས་སུ་བཅུག་པ་དང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་ལས་དམ་ཟབ་བྱས་ནས་འཛུགས་སྐྲུན་གྱི་ཚད་གཞི་དང་བླང་བྱ་ལྟར་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། 2024ལོར། “འདམ་གཞུང་གི་ནོར་ནག”ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་གྱི་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མ་ཟད། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཀྱང་ཐོན་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ལག་བསྟར་བྱས་རྗེས་འདམ་གཞུང་གིས་ནོར་ནག་ཐོན་ལས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཏེ་གསོ་སྤེལ་དང་། ཐོན་སྐྱོད། ལས་སྣོན། ཕྱིར་ཚོང་སོགས་ལྷུ་ཚིགས་ཚུད་པའི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་རིམ་བཞིན་བསྐྲུན་ཡོད་པ་རེད། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་རྒྱུན་མཐུད་བཏང་བ་བརྒྱུད“འདམ་གཞུང་གི་ནོར་ནག”སྤུས་རྟགས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་ས་གནས་དེ་གའི་དམངས་ཕན་ཚགས་ཤ་འཚོང་བའི་བྱེད་སྒོ་སྤེལ་རིང་། “འདམ་གཞུང་གི་ནོར་ནག”གི་ས་ཁམས་མཚོན་རྟགས་ཀྱི་ཆེད་སྤྱོད་མཚོན་རྟགས་ཡོད་པའི་ཚགས་ཤ་བཏོན་མ་ཐག་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་སྟེ། ཉིན་རེའི་ཕྱིར་ཚོང་བྱེད་ཚད་རྒྱ་མ་5000དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་18ཟིན་ཡོད་པ་རེད།