དགུན་ཁར་དྲོད་གཏོང་སྒྲིག་ཆས་འདི་དག་ཁྱོད་ཀྱིས་ཡག་པོ་སྤྱོད་ཤེས་སམ།
དགུན་ཁར་གནམ་གཤིས་གྲང་ངར་ཆེ་བས། དྲོད་གཏོང་སྒྲིག་ཆས་སྣེ་མང་སྤྱོད་དགོས་ཀྱི་ཡོད། བདེ་འཇགས་ཀྱི་དོན་རྐྱེན་མ་ཐོན་སྔོན་འགོག་བྱ་ཆེད་དགུན་ཁའི་རྒྱུན་སྤྱོད་དྲོད་གཏོང་སྒྲིག་ཆས་འདི་དག་ཁྱོད་ཀྱིས་ཡག་པོ་སྤྱོད་ཤེས་པ་དགོས།
གཅིག རྡོ་སོལ་ཐབ་ནས་དྲོད་གཏོང་བ། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཐབས་བྱས་ཏེ་དབྱང་གཅིག་ཐཱན་འགྱུར་གྱི་དུག་མི་ཕོག་པ་བྱེད་དགོས།
1.ཚད་ལྡན་གྱི་ཐབས་ལམ་ནས་ཐབ་ཆས་ཉོ་དགོས་པ་དང་། རྡོ་སོལ་ཐབ་ལ་དུ་ཁུང་བསྒར་དགོས་པ་མ་ཟད། དུ་ཁུང་གི་མཐུད་ཁ་དམ་ལ་རླུང་འགྲོ་ཡག་པོ་ཐུབ་པ་བྱས་ནས་དུ་བ་མི་ཤོར་བ་དང་དུ་བ་ནང་དུ་མ་འཛུལ་བའི་སྔོན་འགོག་བྱེད་དགོས། དེས་མ་ཚད་ཕྱིར་བཏོན་པའི་དུ་ཁུང་གི་རྩེར་རླུང་འགོག་ཞྭ་མོ་བསྒར་དགོས་པ་དང་། དུ་ཁུང་འདོན་ས་ཁང་པའི་མདའ་གཡབ་ལས་དམའ་དགོས།
2.ཁང་པའི་ནང་རྡོ་སོལ་ཐབ་དང་སོལ་བའི་མེ་སྟག་སོགས་ཀྱི་དྲོད་གཏོང་སྒྲིག་ཆས་སྤྱོད་སྐབས་རྡོ་སོལ་སྲེག་ཚར་བ་དགོས་ལ་འགེབ་མི་ཉན། ཁང་པར་རླུང་འགྲོ་ཡག་པོ་ཡོང་བ་དང་དབྱང་གཅིག་ཐཱན་འགྱུར་སྔོན་འགོག་བྱ་ཆེད་སྒོ་དང་སྒེའུ་ཁུང་ལ་རླུང་འགྲོའི་སྲུབས་ཁ་ངེས་ཅན་ཞིག་འཇོག་དགོས།
3.དུས་བཀག་ལྟར་ཐབ་ཆས་ལ་ཞིབ་བཤེར་བྱས་ནས་དུ་ཁུང་ལ་བདག་སྐྱོང་དང་གཙང་སྦྲ་བྱེད་དགོས། དུ་ཁུང་མཐུད་མཚམས་ཀྱི་ཁ་ཡག་པོ་སྦྱར་ནས་རླུང་མི་ཤོར་བ་བྱེད་དགོས།
4.རྡོ་སོལ་ཐབ་དང་སོལ་བའི་མེ་སྟག་སོགས་ཀྱི་དྲོད་ལེན་སྒྲིག་ཆས་ཐད་ཀར་ཉལ་ཁང་དུ་འཇོག་མི་རུང་བ་དང་། འབར་སླ་བ་དང་འབར་གས་སླ་བའི་དངོས་རྫས་ཐབ་ཀྱི་ཉེ་འགྲམ་དུ་འཇོག་མི་རུང་།
དོ་སྣང་བྱེད་དགོས་པ་ཞིག་ལ། རྡོ་སོལ་ཐབ་སྤྱོད་སའི་ཁང་པར་ཡག་ཤོས་བྱུང་ན་དབྱང་གཅིག་ཐཱན་འགྱུར་གྱི་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་ཞིབ་བཤེར་དང་སྲུང་སྐྱོང་བྱས་ཏེ། ཉེན་བརྡ་གཏོང་ཆས་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
གཉིས། དྲོད་གཏོང་གློག་ཆས། མེ་སྐྱོན་མི་ཡོང་བའི་ཆེད་དུ་སྒྲིག་ཆས་སྟེང་ཅ་དངོས་འགེབ་མི་རུང་།
1.གློག་ཟད་གྲོན་ཆེ་བའི་དྲོད་གཏོང་གློག་ཆས་སྤྱོད་པར་ས་སྐུད་ཡོད་པའི་ཁུང་གསུམ་གློག་འཛུགས་འདེམས་དགོས། ཡག་ཤོས་བྱུང་ན་ཚད་ལྡན་གློག་འཛུགས་བསྒར་ཆས་སྤྱོད་དགོས།
2.མེ་སྐྱོན་མི་ཡོང་བའི་ཆེད་དུ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་སྒྲིག་ཆས་ཀྱི་ཉེ་འགྲམ་དུ་འབར་སླ་བ་དང་འབར་གས་སླ་བའི་དངོས་རྫས་འཇོག་མི་རུང་། འབར་གས་མི་ཡོང་བའི་ཆེད་དུ་དེའི་ཉེ་འགྲམ་དུ་མཁའ་རླུང་དྭངས་རྫས་དང་ཆུ་དྲི་ཞིམ་སོགས་ཀྱི་དངོས་རྫས་སྤྱོད་མི་རུང་།
3.མེ་སྐྱོན་མ་ཐོན་པ་བྱ་ཆེད་དྲོད་གཏོང་གློག་ཆས་བེད་སྤྱོད་བྱེད་སྐབས་ཧྲ་ཧྥ་དང་། ཁྲ་ཡོལ། ཁ་གདན་སོགས་དང་བར་ཐག་ཉེ་པོ་འཇོག་རྒྱུ་མེད། འཚིག་རྨས་མི་ཡོང་བའི་ཆེད་དུ་མི་དང་བར་ཐག་ངེས་ཅན་ཞིག་འཇོག་དགོས།
4.དྲོད་གཏོང་སྒྲིག་ཆས་ཐོག་སྟོད་ཐུང་སོགས་དངོས་རྫས་འཇོག་མི་རུང་། གལ་སྲིད་དེའི་ཐོག་དངོས་རྫས་བཞག་ཚེ་དུས་ཐོག་ཏུ་ཚ་སེལ་མ་ཐུབ་པར་མེ་སྐྱོན་ཐོན་སྲིད།
དོ་སྣང་བྱེད་དགོས་པ་ཞིག་ལ། དྲོད་གཏོང་སྒྲིག་ཆས་ཀྱི་གློག་སྐུད་ཡོ་ཆས་དེའི་ཚ་སེལ་ཁུལ་དང་ཐག་ཉེ་པོ་འཇོག་མི་རུང་། དྲོད་གཏོང་སྒྲིག་ཆས་ཚ་དྲགས་ན་གློག་སྐུད་འཚིག་སྟེ་མེ་སྐྱོན་ཐོན་སྲིད། མི་ཡོད་དུས་མ་གཏོགས་བེད་སྤྱོད་བྱ་རྒྱུ་མེད།
གསུམ། གློག་གདན་ལྟེབ་རྩེག་བརྒྱབ་ནས་སྤྱོད་མི་རུང་། མ་ཉལ་གོང་གློག་སྒོ་བཀག་དགོས།
1.གློག་གདན་ཉལ་ཁྲིའི་ཐོག་ཁོད་སྙོམས་པོ་འདིང་བའམ་ཡང་ན་ཉལ་གདན་སྲབ་མོའི་འོག་འདིང་དགོས། ལྟེབ་རྩེག་བརྒྱབ་ནས་རྩ་བ་ནས་སྤྱོད་མི་རུང་། ཡུན་རིང་ལྟེབ་རྩེག་བརྒྱབ་ཚེ་གློག་སྐུད་ལ་སྐྱོན་ཤོར་ནས་གློག་འཁྱུད་ཉེན་ཆེ།
2.ཚ་པོ་ཡུན་རིང་པོ་བཟོ་རྒྱུ་མེད། ཉལ་སྐབས་ངེས་པར་དུ་གློག་བཀག་དགོས། གལ་སྲིད་གློག་ཡུན་རིང་བཏང་ཚེ་གློག་གདན་འཚིག་ཉེན་ཆེ།
3.གློག་གདན་ཆ་སྙོམས་ལོ་ལྔ་ནས་དྲུག་བར་སྤྱོད་ཆོག་པ་དང་། བེད་སྤྱོད་ཡུན་རིང་བྱས་ཚེ་གློག་གདན་རྙིང་པ་ཆགས་ནས་མེ་ཤོར་བའི་ཉེན་ཁ་ཡོད། དུས་བཀག་ནང་ཞིབ་བཤེར་དང་གསར་པ་བརྗེ་དགོས།
དོ་སྣང་བྱེད་དགོས་པ་ཞིག་ལ། རྒྱུན་དུ་བདག་གཅེས་བྱེད་སྐབས་གློག་གདན་རློན་པ་མི་ཆགས་པ་བྱེད་དགོས་པ་དང་། གལ་སྲིད་རློན་པ་ཆགས་ཚེ་མེ་སྐྱོན་ཐོན་ཉེན་ཆེ།
བཞི། ལག་དྲོད་ཡོ་ཆས་གློག་གསོག་གིན་དུ་བེད་སྤྱོད་བྱེད་མི་རུང་། གལ་སྲིད་དེ་ལྟར་བྱས་ཚེ་འཚིག་རྨས་དང་འབར་གས་ཀྱི་ཉེན་ཁ་ཡོད།
1.ཁྲོམ་རའི་ལག་དྲོད་ཡོ་ཆས་སྤྱིར་ན་ཁག་གཉིས་ལ་དབྱེ་བ་སྟེ། གློག་སྣེའི་ཚ་སྣོན་དང་གློག་སྐུད་ཚ་སྣོན་ཡིན་པས། ཉོ་སྐབས་གློག་སྐུད་ཚ་སྣོན་འདེམས་དགོས། གློག་སྣེའི་གློག་གསོག་གི་ནང་ཁུལ་གཤེར་གཟུགས་ཡིན་པས། ཁ་དམ་པོ་མེད་ཚེ་གློག་འཁྱུད་སླ་བར་བརྟེན་གློག་སྐུད་ཚ་སྣོན་བལྟོས་བཅས་ཀྱིས་བདེ་འཇགས་ཆེ་བ་ཡོད།
2.གློག་སྣེའི་ཚ་སྣོན་ནམ་ཡང་ན་གློག་སྐུད་ཚ་སྣོན་གང་ཡིན་རུང་བེད་སྤྱོད་ཡུན་རིང་པོ་བྱེད་མི་རུང་། བེད་སྤྱོད་ཡུན་རིང་པོ་བྱས་ཚེ་འཚིག་རྨས་ཀྱི་ཉེན་ཁ་ཡོད།
3.ལག་དྲོད་ཡོ་ཆས་བེད་སྤྱོད་བྱེད་སྐབས་གློག་གསོག་གིན་དུ་བེད་སྤྱོད་རྩ་བ་ནས་བྱེད་མི་རུང་།
4.དགོང་མོ་ཉལ་སྐབས་ལག་དྲོད་ཡོ་ཆས་བེད་སྤྱོད་གཏོང་མི་རུང་ལ་ཉལ་ཆས་ནང་རྩ་བ་ནས་འཇུག་མི་རུང་། དེ་ལྟར་བྱས་ཚེ་འཚིག་རྨས་ཀྱི་ཉེན་ཁ་ཐོན་སྲིད།
དོ་སྣང་བྱེད་དགོས་པ་ཞིག་ལ། གློག་སྐུད་ལ་སྐྱོན་ཤོར་མིན་བརྟག་དཔྱད་ཡང་ཡང་བྱེད་དགོས། མངོན་མེད་རྐྱེན་ངན་མི་ཐོན་པའི་ཆེད་དུ་ལོ་ཚད་ལས་ཡོལ་བའི་ལག་དྲོད་ཡོ་ཆས་བེད་སྤྱོད་བྱེད་མི་རུང་།
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)