བོད་ཀྱི་འགན་བཅོལ་ནང་ཞུགས་པའི་དམིགས་ཚད་ལེགས་གྲུབ་བྱུང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
“ན་ནིང་དབྱར་ཁར་ངའི་བུ་གློ་ཚད་ཕོག་ནས་སྨན་ཁང་དུ་སྡོད་དགོས་བྱུང་སོང་། སྟབས་ལེགས་པ་ཞིག་ལ་ངས་སྨན་བཅོས་འགན་བཅོལ་ཚད་གཞི་མཐོ་ཤོས་དེ་འཇལ་བས། སྨན་ཁང་དུ་བསྡད་པའི་སྨན་རིན་སྒོར་3000ལྷག་ཙམ་ནས་2600ལྷག་ཙམ་རྩིས་ཞུ་བྱས་བྱུང”ཞེས་ལྷ་སའི་གྲོང་མི་མཚོ་མོས་བཤད་པ་དང་། ཁོང་གིས“སྤྱོད་མཁས་ག་ཚོད་བྱས་ཀྱང་སྨན་བཅོས་འགན་བཅོལ་འཇལ་རྒྱུ་གཏན་ནས་བརྗེད་མེད་ལ། སྨན་བཅོས་འགན་བཅོལ་ལས་རང་ཉིད་དང་ནང་མིའི་སེམས་ཁྲལ་ཡང་བསལ་ཐུབ་བྱུང”ཞེས་བཤད།
སྨན་བཅོས་འགན་སྲུང་ལས་དོན་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ཅིང་། 2024ལོར་རང་ལྗོངས་ཀྱིས་དམངས་འཚོའི་མཐའ་ཚད་དམ་འཛིན་དང་། གནད་འཕིགས། བརྟན་པོ་བཅས་ཡོང་བར་དམིགས་ནས་དམངས་ཡོངས་འགན་བཅོལ་ནང་ཞུགས་ཚད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་བརྡ་ཁྱབ་ལ་གཞིགས་ན། 2024ལོའི་ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་2024ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་345.95ཟིན་པ་དང་རང་ལྗོངས་ཀྱི་འགན་བཅོལ་ནང་ཞུགས་པའི་དམིགས་ཚད་ལེགས་གྲུབ་བྱུང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
སྨན་བཅོས་འགན་བཅོལ་ཡོད་པས་བདེ་སྐྱིད་ལྡན། མང་ཚོགས་འཚོ་བར་དེ་བས་འགན་ལེན་བྱུང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་རྒྱུ་དེ་སྲིད་གཞུང་གི་ཁ་གསབ་དང་ཟུང་འབྲེལ་བྱེད་པའི་སྨན་བཅོས་འགན་བཅོལ་གྱི་གྲོན་འཇལ་ལམ་སྲོལ་མཐའ་འཁྱོངས་བྱས་ནས། མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་སྒོར་645ནས་སྒོར་675བར་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་སྒེར་གྱི་གྲོན་འཇལ་རིམ་པ་སྒོར་380དང་སྒོར་200བར་སོ་སོར་ལེགས་སྒྲིག་བྱས་ཡོད། “ཡུན་རིང་འཇལ་ན་རྩིས་ཞུ་མང་བའི”ལྕག་སྐུལ་ལམ་སྲོལ་བཙུགས་ནས།
བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བསྟུད་མར་ལོ་10དང་དེ་ཡན་ཞུགས་ཚེ། འགན་བཅོལ་འཇལ་བའི་ལོ་དེ་ནས་བཟུང་རྩིས་ཞུའི་ཐོབ་ཐང་3%མཐོ་རུ་གཏོང་རྒྱུ་ཁ་གསལ་བཟོས་ཡོད། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དང་ཕ་མ་གཞོགས་གཅིག་གམ་ཡང་ན་གཉིས་ཀ་རང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་ལོ་གཅིག་སོང་ཚུན་གྱི་ཕྲུ་གུ་དམར་འབྱར་དང་། མི་སྒེར་གྱི་ལས་ཞུགས་ལ་འགྱུར་ལྡོག་བྱུང་བའི་དབང་གིས་གྲོན་དངུལ་འཇལ་མཚམས་བཞག་ནས་ཟླ་བ་གསུམ་མ་སོང་བར་སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་བརྗེ་སྒྱུར་བྱེད་པ་སོགས་ཀྱི་མི་ཚོགས་ལ་དམིགས་ནས། འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་གྲོན་འཇལ་དུས་བཀག་ལ་ཚོད་འཛིན་མི་ཐེབས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། གཙོ་གནད་མི་ཚོགས་ལ་རོགས་སྐྱོར་གྱིས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འགན་བཅོལ་ནང་ཞུགས་དགོས་རིགས་ཚང་མ་འགན་བཅོལ་ནང་ཞུགས་པ་དང་རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར་བྱས་ཏེ། 2024ལོར་ཁྱོན་གཙོ་གནད་མི་ཚོགས་ཁྲི་80ལྷག་ཙམ་ལ་རོགས་སྐྱོར་གྱིས་ཁ་གསབ་སྤྲད་པ་དང་། འགན་བཅོལ་ནང་ཞུགས་པར་རོགས་དངུལ་སྒོར་དུང་ཕྱུར་2.8ལྷག་ཙམ་འཇལ་ཡོད་པ་རེད།
ངག་དབང་མཚོ་མོ་ནི་འགན་བཅོལ་ནང་ཞུགས་པའི་ཕན་པ་ཐོབ་མཁན་ཞིག་ཡིན་ལ། གྲངས་འཇིན་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་སྒྱུར་བཅོས་ལས་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། ཐོན་སྐྱེད་ནུས་ཤུགས་གསར་མ་བེད་སྤྱོད་ཡག་པོ་བྱ་ཆེད། རང་ལྗོངས་ཀྱིས་གྲངས་འཛིན་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་སྒྱུར་བཅོས་དང་། དོ་དམ། ཞབས་ཞུ་བཅས་ལ་ནུས་པ་སྦྱིན་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བཙུགས་ཏེ། འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་ཡུལ་གཞན་དུ་སྨན་བཅོས་ཐོ་འགོད་སོགས་ཀྱི་སྲིད་དོན་ཞབས་ཞུའི་ལས་དོན་དྲ་ཐོག་ཏུ་སྒྲུབ་གཉེར་དང་། ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་དང་། སྨན་ཁང་དུ་སྡོད་པ། སྒོ་བསྟེན་སྨན་ཁང་བསྟེན་པ་བཅས་ཀྱི་སྨན་རིན་ཐད་ཀར་རྩིས་ཞུ་ཐུབ་ཡོད། 2024ལོའི་ཟླ་5ཚེས་1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་སྨན་བཅོས་འགན་བཅོལ་ཨང་རྟགས་སྤྱད་ཚེ་རང་འགུལ་ངང་ཐོ་འགོད་ཐུབ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་བདེ་རུ་སོང་ཡོད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང་སྨན་བཅོས་འགན་བཅོལ་ཞབས་ཞུ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལྗོངས་ཡོངས་ཀྱི“གནས་གཏན་འཁེལ་གཉིས”ཀྱི་སྒྲིག་གཞིས་གདོང་བཤེར་གཏོང་སྤྲོད་སྒྲིག་ཆས་སྤྱོད་རྒྱུར་ལྕག་སྐུལ་བྱས་ཏེ། སྨན་བཅོས་འགན་བཅོལ་གི“གདོང་བཤེར”མཇུག་རྩིས་རྒྱག་སྟངས་གསར་པ་གང་ཐུབ་སྤྱད་པ་རེད།
ཟླ་1ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཀྱི“སྨན་བཅོས་འགན་བཅོལ་དངུལ་ཁུག”དྲ་ཐོག་ཏུ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས“སྨན་བཅོས་འགན་བཅོལ་དངུལ་ཁུག”ཁྱབ་གདལ་དང་བེད་སྤྱོད་ཧུར་ཐག་བཏང་ནས། སྤྱོད་རྒྱུར་འཚམ་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞིང་ཆེན་བསྒྲལ་ནས་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ་ཉུང་བ་ནས་མང་བའི་བར་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་པ་དང་། “སྨན་བཅོས་འགན་བཅོལ་དངུལ་ཁུག”བརྒྱུད་མི་སྒེར་གྱི་ཐོ་ཁོངས་ཞིང་ཆེན་བསྒྲལ་ནས་བོད་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་དང་དེ་བཞིན་གཉེན་ཉེ་དེ་བས་མང་བར་ཕན་པ་ཐོབ་ཐབས་བྱ་རྒྱུ་རེད།