དིང་རི་རྫོང་གི་གེགས་ཁུལ་མང་ཚོགས་ལ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་ཚང་མ་ལེཌ་གྲུབ་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། དིང་རི་རྫོང་དུ་ཁྱོན་བསྡོམས་སྟབས་བདེའི་ཁང་པ་7733དང་སྦྲ་གུར་9941བརྒྱབ་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་47787བཀོད་སྒྲིག་བྱས་ཟིན་ནས། དིང་རི་རྫོང་གི་གནོད་འཚེ་ཕོག་པའི་མང་ཚོགས་ལ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་ཚང་མ་ལེགས་གྲུབ་བྱུང་བ་རེད།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། དིང་རི་རྫོང་གྲམ་མཚོ་ཤང་དང་། ཆུ་ལྷོ་ཤང་། མཚོ་སྒང་ཤང་བཅས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཁུལ་དུ་སྟབས་བདེའི་ཁང་པ་4383དང་སྦྲ་གུར་2916བརྒྱབ་ཡོད་པ་དང་། དེ་མིན་གྱི་གནོད་འཚེ་ཕོག་ཁུལ་དུ་སྟབས་བདེའི་ཁང་པ་3350དང་སྦྲ་གུར་7025བརྒྱབ་ཡོད་པ་རེད།
གཞན་ཡང་། དིང་རི་རྫོང་དུ་ད་དུང་མང་ཚོགས་10772གྱི་ཁང་པར་གཏོར་སྐྱོན་ཕྲན་བུ་ལས་བྱུང་མེད། མིག་སྔར་ཁང་པ་དེ་དག་ལ་ཉེན་ཁའི་ཚོད་སྐོར་དང་བདེ་འཇགས་དཔྱད་འདོམས་བྱས་པ་བརྒྱུད་དེ་སྔའི་ཁང་པའི་ནང་མུ་མཐུད་སྡོད་ཆོག་པས་སྟབས་བདེའི་ཁང་པ་དང་སྦྲ་གུར་དུ་བཀོད་སྒྲིག་བྱེད་དགོས་ཀྱི་མེད་པ་རེད།