ལྗོངས་ཡོངས་ཀྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་རིགས་སྤྱིར་ན་འཁོར་སྐྱོད་ཡག་པོ་ཡོད་པ།
2024ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལྷག་གྲངས་དུས་མཚུངས་ལས་57.14%འཕར་བ།
ཉེ་ཆར། གསར་འགོད་པར་བོད་ལྗོངས་དངུལ་རྩ་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་རིགས་སྤྱིར་ན་འཁོར་སྐྱོད་ཡག་པོ་ཐུབ་ནས་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་རིགས་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་ཡོད། 2024ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལྷག་གྲངས་སྒོར་དུང་ཕྱུར་62.31ཟིན་པ་དེ་དུས་མཚུངས་ལས་57.14%འཕར་ནས། 2024ལོའི་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་དང་བསྡུར་ན་ལྡབ་2ཙམ་འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
2024ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་མ་དངུལ་བསྡུ་རྒྱུག་ཁག་ཐེག་སྒྲིག་གཞི་ཁྱོན་19ཡོད་པའི་ནང་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་སྒྲིག་གཞི་8ཡོད་པ་དེས་སྤྱིའི་གྲངས་འབོར་གྱི་42.11%བཟུང་ཡོད། ནག་ཆུ་དང་མངའ་རིས་ཕུད་པའི་གྲོང་ཁྱེར་གཞན་དག་ལྔ་པོ་ཚང་མས་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་སྒྲིག་གཞི་བཙུགས་ཡོད། ཐོ་འགོད་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་49.85ཟིན་པའི་ནང་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་སྒྲིག་གཞིའི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་29.45ཟིན་ནས་བསྡོམས་འབོར་གྱི་59.08%བཟུང་ཡོད་པ་རེད།