དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི“ན་ཚོད་ཁྱད་པར་ཆེ་ཤོས”ཀྱི་མང་ཚོགས་འཁྲབ་སྟོན་པ།
ལོ་7གྱི་བྱིས་པ་དང་ལོ་76ལ་སོན་པའི་རྒན་རྒོན་གྱིས་མཉམ་དུ་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ།
ལུགས་རྙིང་ལོའི་ཟླ་བཅུ་གཉིས་པའི་ཚེས་29ཉིན་ཏེ་གནམ་གང་གི་དགོང་མོར། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་སྟེ། ལྷ་སའི་ཡན་ལག་ཚོགས་ར་འགོ་ཚུགས་པ་རེད།
དཔྱིད་གསར་དུས་ཆེན་དེ་ཉིད་མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་སྐབས་དང་པོ་ཡིན་པའི་ལྷ་སའི་ཡན་ལག་ཚོགས་ར་ནས་བཀྲག་མདངས་རབ་ཏུ་འཚེར་ཞིང་། ལེ་ཚན་བཀོད་སྒྲིག་ཐད་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་སྲོལ་དང་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་གང་ཐུབ་བྱས་པ་ལས་བོད་ཀྱི་ཁྱད་ཆོས་དང་རྣམ་པས་ཁེངས། མང་ཚོགས་འཁྲབ་སྟོན་པའི་དཔུང་ཁག་གི་རྒྱ་སྟོབས་ཧ་ཅང་ཆེ་ཞིང་། རྒན་དར་གཞོན་བྱིས་ཟུང་དུ་འབྲེལ་བའི་ཁྱད་ཆོས་མངོན་པ་སྟེ། ལོ་ན་ཆེ་ཤོས་ལོ་76དང་ཆུང་ཤོས་ལོ་7ཡིན།
ཉིན་ཤས་གོང་། དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་ཆས་སྤྲས་སྔོན་སྦྱོང་གི་རྒྱབ་སྟེགས་ནས་གཟབ་མཆོར་སྤྲས་པའི་ཕྲུ་གུ་ཆུང་ཆུང་འགའ་ཞིག་གིས་གསར་འགོད་པའི་ཡིད་དབང་ཡོངས་སུ་འཕྲོག སྐད་ཆ་དྲིས་རྗེས་ཁོང་ཚོ་ནི་བོད་ལྗོངས་ཇོ་མོ་གླང་མ་བྱིས་པའི་གླུ་གཞས་མཉམ་གཏོང་ཚོགས་པ་ནས་ཡིན་ཞིང་། ཁོ་ཚོས་གླུ་གཞས་མཁས་ཅན་ཚེ་བརྟན་སྒྲོལ་མ་དང་མཉམ་དུ《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་གླུ་གཞས་མཉམ་དུ་གཏོང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཡོད།
འདིར་གསར་འགོད་པས་ལོ་ན་ཆུང་ཤོས་ཀྱི་འཁྲབ་སྟོན་པ་སྟེ་ལོ་7ཡིན་པའི་བཀྲ་ཤིས་ལྷ་མཚོ་མཐོང་བྱུང་།
གོས་ཆེན་སྔོ་ནག་གི་ཕྱུ་པ་གྱོན་པའི་ཁོ་མོ་མི་ཚོགས་ཁྲོད་ནས་མངོན་གསལ་ཤིན་ཏུ་དོད། གླུ་གཞས་མཉམ་གཏོང་ཚོགས་པའི་འགན་འཁུར་བ་ཕུར་བུས་གསར་འགོད་པར། ཁོ་མོ་ལོ་ཆུང་ཆུང་རེད་བསམས་རྒྱུ་གཏན་ནས་མིན་འདུག ཆས་སྤྲས་སྔོན་སྦྱོང་བྱེད་རིམ་བཞིན་ནན་ཏན་ཧ་ཅང་ཆེ་བ་མ་ཟད། འཁྲབ་བཟོ་དོད་པོའང་འདུག དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཁ་ཤས་སུ་སླེབས་པའི་མཚན་མོར་ཡང་སྔར་བཞིན་སྤྲོ་སེམས་ཆེ་བ་མ་ཟད། ད་དུང“དཀའ་ལས་ཁག་གི་མི་འདུག”ཅེས་ཟེར་གྱི་འདུག་ཅེས་བཤད་བྱུང་།
བཀྲ་ཤིས་རྡོ་རྗེ་དང་འཕྲད་སྐབས། ཁོ་པས་ཆས་སྤྲས་སྔོན་སྦྱོང་ཞིག་ཚར་མ་ཐག་དེ་མུར་སྡོད་ས་ཞིག་བཙལ་ནས་ལག་ཏུ་ཁུར་བའི་སྒྲ་སྙན་གཏོང་དཀྲོལ་འགོ་ཚུགས་ཤིང་། གློག་འོད་ཀྱི་འོག་ཏུ་རྒན་རྒོན་ཁོང་གི་ངོ་གདོང་ནས་ལྷིང་འཇགས་ཀྱི་སྣང་བ་ཞིག་སྟེར་འོང་བ་ལས་ཉེ་འཁོར་ནས་གྲགས་འོང་བའི་འུར་སྒྲ་སོགས་ནི་སྤྱིར་ཁོང་དང་འབྲེལ་བ་ཅི་ཡང་མེད་པ་ལྟར་དུ་སྣང་།
1949ལོར་སྐྱེས་པའི་བཀྲ་ཤིས་རྡོ་རྗེ་ནི་ཀྲུང་གོ་གསར་པ་དང་ལོ་ན་མཉམ་ཞིང་། ད་ལོ་ལོ་76ལ་སླེབས་ཀྱི་ཡོད། ཁོ་པས་བོད་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཞབས་བྲོ《དགའ་སྤྲོས་ཁེངས་པའི་སྒྲ་སྙན》ཞེས་པ་དེའི་ནང་དུ་མི་བརྒྱ་ཕྲག་ལས་གྲུབ་པའི་རྒན་དར་གཞོན་གསུམ་གྱི་ཚོགས་པ་དང་མཉམ་དུ་འཁྲབ་ཡུན་སྐར་ཆ་30ཙམ་ནང་མི་རྣམས་ཧང་ལས་ཧང་སངས་དགོས་པའི་འཁྲབ་སྟོན་བྱ་རྒྱུ་རེད།
“རང་ཉིད་མི་ཚེ་འདིར་འཁྲབ་སྟོན་མང་པོར་ཞུགས་མྱོང་མོད། འོན་ཀྱང་དཔྱིད་གསར་དུས་ཆེན་མཚན་ཚོགས་འདྲ་བའི་གར་སྟེགས་ཆེན་པོ་འདི་ལྟ་བུར་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན། ད་ལོ་གོ་སྐབས་བཟང་པོ་འདི་ལྟ་བུ་བྱུང་བ་ལས་རང་ཉིད་ཧ་ཅང་དགའ་པོ་བྱུང”ཞེས་དང“དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་གར་སྟེགས་བརྒྱུད་འཛམ་གླིང་ཡོངས་ལ་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆའི་ཉམས་འགྱུར་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་མངོན་རྒྱུ་བྱུང་བ་ནི་དངོས་གནས་རང་ཉིད་ཀྱི་གཟི་བསོད་ཡིན”ཞེས་རྒན་རྒོན་གྱིས་དགའ་སྤྲོའི་ངང་བཤད།
ལྷ་རྩེའི་སྟོད་གཞས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་ནས་ལྷ་རྩེའི་སྟོད་གཞས་རྒྱུན་འཛིན་བྱེད་པ་ནི་བཀྲ་ཤིས་རྡོ་རྗེའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་རེད། “ལྷ་རྩེའི་སྟོད་གཞས་ནི་ངའི་ཚེ་གང་གི་དགའ་ཤོས་ཡིན”ཞེས་བགྲེས་སོང་ཁོང་གིས་བཤད།
རྒན་གཅིག་གཞོན་གཅིག་བར་ལ་ལོ་ཁྱད་70ཙམ་ཡོད་ཅིང་། ཚང་མ་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རར་མཉམ་དུ་འཛོམས་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར། ཁོང་ཚོ་ཚང་མའི་ལུས་ཐོག་ནས་ཐུན་མོང་གི་རྣམ་པ་ཞིག་མངོན་ཡོང་བ་སྟེ། སྤྲོ་སེམས་རབ་ཏུ་ཆེ་བ་དང་ནུས་ཤུགས་ཡོད་རྒུས་མཚན་ཚོགས་ལ་ཞུགས་རྒྱུ་དེ་རེད། ཁོང་ཚོ་ཚང་མར་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་སྟེ། རང་ཉིད་ཀྱི་ཐབས་ལ་བརྟེན་ནས་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་བཏང་སྟེ། གསོན་ཤུགས་ཀྱིས་ཁེངས་པ་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ། ཧུར་བརྩོན་ཆེན་པོས་ཡར་རྒྱས་འགྲོ་བཞིན་པའི་བོད་འདི་ཉིད་འཛམ་གླིང་གིས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་རེད།