《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་3པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་2016ལོའི་ཟླ་12ཚེས་12ཉིན་སྐབས་དང་པོའི་རྒྱལ་ཡོངས་ཤེས་དཔལ་ཁྱིམ་ཚང་གི་འཐུས་མི་དང་མཇལ་འཛོམས་གནང་སྐབས་ཀྱི་གསུང་བཤད་ཀྱི་ཆ་ཤས《ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱེད་དགོས》ཞེས་པ་བཀོད་ཡོད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་ཁྱིམ་ཚང་ལ་སྣང་ཆེན་བྱེད་ཀྱི་ཡོད། རྒན་བཀུར་གཞོན་གཅེས་དང་། མོ་མཛངས་ཕོ་སྐྱིད། མ་བྱམས་བུ་བཀུར། གཅེན་མཛའ་གཅུང་གུས། སློབ་བརྩོན་ཁྱིམ་སྐྱོང་། བརྩོན་བསྲིས་ཁྱིམ་སྐྱོང་། ཤེས་བྱང་ལུགས་མཐུན། སྒྲིག་བཀུར་ཁྲིམས་སྲུང་། ཁྱིམ་ཚང་འཆམ་མཐུན་བྱུང་ཚེ་བྱ་བ་ཐམས་ཅད་དར་བ་སོགས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་སྤྱོད་བཟང་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་ཉམས་མེད་དང་གཅིག་རྒྱུན་གཅིག་འཛིན་ལ་འདེགས་སྐྱོར་བྱེད་པའི་བསམ་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ལ། ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇི་ལྟར་བྱུང་རུང་། སྤྱི་ཚོགས་ཤིག་གི་ངོས་ནས་བརྗོད་ན། ཁྱིམ་ཚང་གི་འཚོ་བའི་བརྟེན་ས་ཚབ་བྱེད་མི་ཐུབ་པ་དང་། ཁྱིམ་ཚང་གི་སྤྱི་ཚོགས་བྱེད་ནུས་ཚབ་བྱེད་མི་ཐུབ་པ། ཁྱིམ་ཚང་གི་ཤེས་དཔལ་བྱེད་ནུས་ཚབ་བྱེད་མི་ཐུབ་པ་བཅས་ཡིན། ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ལ་སྣང་ཆེན་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་དང་མི་རྣམས་ཀྱི་ཕུགས་འདུན་སྒྲུབ་གནས་ཤིག་ཏུ་འགྱུར་གང་ཐུབ་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཚང་མས་ཁྱིམ་ཚང་ལ་སྣང་ཆེན་བྱ་རྒྱུའི་རེ་བ་ཡོད། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན། ཁྱིམ་ཚང་འཆམ་མཐུན་བྱུང་ན་སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་། ཁྱིམ་ཚང་བདེ་སྐྱིད་ལྡན་ན་སྤྱི་ཚོགས་འཆམ་མཐུན་ཡོང་བ། ཁྱིམ་ཚང་ཤེས་དཔལ་ལྡན་ན་སྤྱི་ཚོགས་ཤེས་དཔལ་ལྡན་པ། ཁྱིམ་ཚང་གི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད། ཁྱིམ་ཚང་ཁྲི་སྟོང་ཡོད་ཚད་བདེ་སྐྱིད་ལྡན་ཚེ་གཞི་ནས་རྒྱལ་ཁབ་ཡག་པོ་ཡོང་བ་དང་མི་རིགས་ཡག་པོ་ཡོང་ཐུབ། རྒྱལ་ཁབ་སྟོབས་ལྡན་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ནི་སྤྱི་མཚན་ཙམ་ཞིག་མིན་པར་མཐར་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོད་པའི་ཐོག་ནས་མཚོན་དགོས་པ་དང་། མི་དམངས་དུང་ཕྱུར་མང་པོའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བའི་ཐོག་མཚོན་དགོས། དུས་མཚུངས་སུ་རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན་ཁྱིམ་ཚང་གཞི་ནས་ཡག་པོ་ཡོང་ཐུབ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་ན་གཞི་ནས་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ། རྒྱ་ཆེའི་ཁྱིམ་ཚང་ཚང་མས་ཁྱིམ་གཅེས་དང་རྒྱལ་གཅེས་གཅིག་གྱུར་དང་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་མི་རིགས་ཀྱི་ཕུགས་འདུན་ནང་མཉམ་འདྲེས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
རྩོམ་ཡིག་ནང་བསྟན་དོན། ཚང་མས་ཁྱིམ་ཚང་གི་སློབ་གསོར་སྣང་ཆེན་བྱ་རྒྱུའི་རེ་བ་ཡོད། ཁྱིམ་ཚང་ནི་མི་ཚེའི་སློབ་ཁང་དང་པོ་དེ་ཡིན་པ་དང་ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་རེད། ཁྱིམ་ཚང་གི་སློབ་གསོའི་གལ་ཆེ་ཤོས་ནི་ཀུན་སྤྱོད་སློབ་གསོ་དང་ཇི་ལྟར་བྱས་ནས་མི་ཡག་པོ་ཞིག་གསོ་སྐྱོང་བྱེད་དགོས་པའི་སློབ་གསོ་དེ་ཡིན། ཕ་མ་དང་ཁྱིམ་བདག་ཡིན་པའི་ངོས་ནས་ཀུན་སྤྱོད་བཟང་པོའི་འདུ་ཤེས་ཆུང་དུས་ནས་ཕྲུ་གུར་འཇགས་པར་བྱས་ཏེ་ཁོང་ཚོའི་མི་ཚེར་ལ་རྒྱ་དང་སྙིང་རུས་ལྡན་པར་ཁྲིད་སྟོན་བྱེད་པ་དང་། ཁོང་ཚོར་སེམས་ཁམས་བཟང་པོ་འཇགས་པར་རོགས་རམ་བྱེད་པ། ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁོང་ཚོ་ཆེན་པོ་ཆགས་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་ཞིག་ཏུ་འགྱུར་བར་བྱེད་དགོས། རྒྱ་ཆེའི་ཁྱིམ་ཚང་ཚང་མས་ངག་སློབ་དང་སྤྱོད་སློབ་ལ་སྣང་ཆེན་དང་། ཤེས་བྱ་སློབ་པ་དང་ཀུན་སྤྱོད་གསོ་སྐྱོང་། ཕྲུ་གུ་རྣམས་ལ་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་རོགས་བཅས་བྱས་ནས་མི་ཚེའི་སྐས་རིམ་དང་པོ་ལེགས་པར་སྤོ་ཐུབ་བྱེད་དགོས། ཁྱིམ་ཚང་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་ནང་མི་ཚོ་དང་ལྷག་པར་དུ་མི་རབས་རྗེས་མར་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་བརྒྱུད་སྤེལ་ཧུར་ཐག་བྱས་ནས་མི་རྣམས་ཀྱིས་ཁྱིམ་ཚང་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་། མི་གཞན་ལ་དྲོ་སྐྱིད་སྦྱིན་པ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་ཤེས་རིག་གི་དར་སྲོལ་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། ཚང་མས་ཁྱིམ་སྲོལ་ལ་སྣང་ཆེན་བྱ་རྒྱུའི་རེ་བ་ཡོད། ཁྱིམ་སྲོལ་ནི་སྤྱི་ཚོགས་དར་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྱིམ་ཚང་ནི་མི་རྣམས་ཀྱི་ལུས་ཆགས་ས་ཙམ་མ་ཡིན་པར་སེམས་ཀྱི་བརྟེན་ས་ཡང་ཡིན། རྒྱ་ཆེའི་ཁྱིམ་ཚང་ཚང་མས་ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཡོངས་ལ་དར་སྲོལ་བཟང་པོ་ཆགས་པར་བྱེད་དགོས། ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་སྲོལ་བཟང་པོ་སྐྱོང་བར་དམ་འཛིན་བྱས་ཐོག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེ་བ་རྒན་རབས་པའི་གསར་བརྗེའི་ཁྱིམ་སྲོལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཁྱིམ་སྲོལ་འཛུགས་སྐྱོང་གི་མིག་དཔེ་བསྟན་ཏེ། གཉེན་ཉེ་དང་ཕྲུ་གུ་ཚོར་བླང་བྱ་ནན་པོ་བཏོན་ནས་གཉེན་ཉེའི་འགག་སྒོ་ལས་ཡག་པོ་སྒྲོལ་ཐུབ་པ་བྱེད་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པས་ཁྱིམ་ཚང་གི་ཤེས་དཔལ་སྲོལ་གཏོད་བྱེད་སྒོ་ཧུར་ཐག་སྤེལ་དགོས། ཕྱོགས་ཁག་གིས་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ལྷག་བསམ་རྣམ་དག་གིས་སེམས་ཁུར་དང་རོགས་རམ་ཧུར་ཐག་བྱེད་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་སྡེ་ཚན་གྱིས་སྤྱི་འདོམས་དང་། མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཐོག་སྤྱི་ཚོགས་ལས་རིགས་ཁག་ལ་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་ནས་རྒྱལ་གཅེས་ཁྱིམ་གཅེས་དང་། ཕན་ཚུན་དགའ་ཞིང་བརྩེ་བ། ཡར་ཐོན་དགེ་བརྩོན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་གི་ཤེས་དཔལ་དར་སྲོལ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།