ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱིས་བོད་ལྗོངས་སུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་སྐུལ་འདེད་བཏང་བ།
འདི་ནི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་བཞིན་པ།
ལྷ་སར་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་གཉེར་བ་ལས་དཔྱིད་གསར་དུས་ཆེན་ལ་ཐུན་མོང་མ་ཡིན་པའི་བཀྲག་མདངས་ཤིག་འཚེར་ཡོད། སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱིས་ལྷ་སར་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཏེ། གར་སྟེགས་དེ་ས་བབ་མཐོ་ཚད་སྨི་3650ཡོད་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་མདུན་དུ་བརྒྱབ་ནས། གོ་ལ་ཧྲིལ་པོའི་ལྟད་མོ་བ་ཚོར་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ལྷ་ས་ཡན་ལག་ཚོགས་ར་ཐད་གཏོང་བྱས་པ་དང་བསྟུན་ནས་བོད་དང་ལྷག་པར་དུ་ལྷ་སའི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ལ་ཡུལ་སྐོར་གྱི་ཚ་རླབས་ཤིག་འཕྱུར་ཡོད། ཞེ་ཁྲེང་གྲངས་གཞི་ལས་མངོན་པར། ན་ནིང་གི་གནམ་གང་དང་ལོ་གསར་ཚེས་གཅིག་དང་བསྡུར་ན་ད་ལོ་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་དྲ་ཐོག་ནས་སྣེ་ལེན་བྱས་པའི་མི་ཐེངས་དུས་མཚུངས་ལས་16%འཕར་ཡོད།
དེའི་ཁྲོད་སྤ་སེའི་རོལ་རྩེད་ཐོན་རྫས་མི་ཐེངས་395%འཕར་བ་དང་། རླངས་འཁོར་སྤ་སེ་མི་ཐེངས་88%འཕར་བ། ཉིན་གཅིག་ཡུལ་སྐོར་གྱི་མི་ཐེངས་55%འཕར་བ། གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་དུ་སྡོད་མཁན་མི་ཐེངས་21%འཕར་ཡོད། ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བའི་གྲངས་འབོར་དེ་སྔའི་དུས་མཚུངས་དང་བསྡུར་ན་10%ཙམ་འཕར་ཡོད་པ་རེད།
སྐུ་ཞབས་ཕེ་ལགས་དང་ཁོང་གི་ཨ་མ་ལེའོ་ཉིང་ནས་བོད་དུ་ཡུལ་སྐོར་ལ་ཡོང་བ་དང་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ལྷ་ས་ཡན་ལག་ཚོགས་ར་བཙུགས་པའི་སྐབས་དང་འཁེལ་ཡོད། གནམ་གང་དགོང་མོར། ཁོང་གཉིས་པོ་དམངས་སྲོལ་གནས་ཚང་གི་སྦྱིན་བདག་གི་བཀོད་སྒྲིག་འོག་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་གཞན་དག་དང་མཉམ་དུ་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བལྟས་ནས་ལྷ་ས་ཡན་ལག་ཚོགས་རའི་སྤྱི་ཡོངས་ཀྱི་རྣམ་པར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་འདུག
སི་ཁྲོན་ཁྲེང་ཏུའུ་ནས་ཡོང་བའི་བུ་མོ་ཀྲོའུ་ལགས་གྲོགས་མོ་དང་མཉམ་དུ་ལོ་གསར་ཚེས་གཅིག་ཉིན་སྐབས་ཐོག་ལྷ་སར་ཡུལ་སྐོར་ལ་ཡོང་བ་དང་ཁོང་གཉིས་ཀ་དགའ་འོས་པ་ནི་ས་མཐོ་མི་འཕྲོད་པའི་ནད་རྟགས་ཐོན་མེད། “ལྷ་སར་གནམ་གཤིས་གྲང་མོ་མི་འདུག་ལ་ཡུལ་ལྗོངས་ཀྱང་ཤིན་ཏུ་མཛེས་པས་ང་ཚོའི་གདམ་ག་ནོར་མི་འདུག སང་ཉིན་ང་ཚོ་ཡར་འབྲོག་གཡུ་མཚོ་མཇལ་བར་འགྲོ་མཁན་ཡིན”ཞེས་ན་གཞོན་བུ་མོ་གཉིས་པོས་དགའ་ཚོར་ཆེན་པོས་བཤད།
“དགུན་དུས་བོད་དུ་ཡུལ་སྐོར”ལ་ཡོང་བའི་ཨ་ཅག་ཞུས་ལགས་ནི་བྱང་ཤར་ཁུལ་ནས་ཡོང་བ་ཞིག་ཡིན་ཞིང་། ཁོང་གིས་གནམ་གང་དགོང་མོར་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ལྷ་ས་ཡན་ལག་ཚོགས་རའི་ལྗོངས་རྣམ་དངོས་མཐོང་སྐབས་གར་སྟེགས་ཀྱི་ཇུས་འགོད་ལ་ཧང་སངས་བྱུང་། “ད་ལོའི་དགུན་ཁར་བོད་དུ་ཡུལ་སྐོར་ལ་ཡོང་བ་ལས་ཐུན་མོང་མ་ཡིན་པའི་མཛེས་ཉམས་ཤིག་ཚོར་བྱུང་སྟེ། གནམ་མཚོར་ཆ་བཞག་ན་མཚོ་འགྲམ་ནས་ལྟ་སྐབས་གཡང་ཊི་ལྟར་ཧ་ཅང་དྭངས་ཤིང་གཙང་བ་ཞིག་འདུག”ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར། དྲ་ཐོག་གྲགས་ཅན་གྱི་པར་རྒྱག་ས་གསར་པར་གྱུར་བའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་གར་སྟེགས་ཟླ་2ཚེས་5ཉིན(ལོ་གསར་ཚེས་བརྒྱད)བར་རང་སོར་འཇོག་རྒྱུ་ཡིན་པ་རེད། གཞན་ཡང་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་དམངས་ཕན་འཁྲབ་སྟོན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཟླ་2ཚེས་4ཉིན་བར་མུ་མཐུད་འཁྲབ་སྟོན་བྱ་རྒྱུ་རེད། གྲོང་མི་དང་ཡུལ་སྐོར་བ་རྣམས་ཀྱིས་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་བོད་ལྗོངས་ལྷ་ས་ཡན་ལག་ཚོགས་རའི་གར་སྟེགས་ལ་པར་རྒྱག་པ་དང་ཆབས་ཅིག་ད་དུང་ངོ་མཚར་ཆེ་བའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ལོངས་སུ་སྤྱོད་རྒྱུ་ཡོད།