དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་འཛུཌ་སྐྱོང་བྱེད་དགོས།

    རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-02-03

    ཉིན་ཤས་གོང་འཚོགས་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་2025ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱེད་སྐབས“སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་འཛུགས་སྐྲུན་ལོའི”བྱ་སྤྱོད་གཏིང་ཟབ་སྤེལ་ནས་གཏན་འབེབས་དང་། སྒྲིག་ཁྲིམས། བཅའ་ཁྲིམས་ལྟར་འགན་འཁྲི་ནན་པོ་བསྒྲུབས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཆབ་སྲིད་ལས་ཁུངས་ཡིན་པས། ཆབ་སྲིད་ལས་ཁུངས་ཀྱིས་ཐོག་མར་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་འཐབ་འཛིང་པ་ཞིག་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐིལ་རྟོགས་ཟབ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་དང་། འགོ་ཁྲིད་ཀྱི་ནུས་པ། ལས་སྒྲུབ་ཀྱི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་དང་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཆབ་སྲིད་ཀྱི་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ་དང་རང་རྟོགས་ངང་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཆབ་སྲིད་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ལྟ་སྐུལ་གྱི་ཆེད་འགན་འཁུར་མཁན་ལས་ཁུངས་ཡིན་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། སྲིད་ཇུས་ཀྱི་རང་བཞིན། ཆེད་ལས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། མིག་སྔར་རང་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བརྟན་པོ་དང་ཡག་པོ་སྐྱོད་པ་དང་། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་དགོས་ཚེ། ངེས་པར་དུ་ཏང་རྩ་འཛུགས་སྐྱོན་བྲལ་དང་ཏང་ཡོན་ལས་བྱེད་པ་སྔོན་ཐོན་སྤྱོད་གཙང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པ་མངོན་འགྱུར་བྱེད་པའི་དམིགས་ཚད་ལས་འགན་གྱིས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་པ་མ་ཟད། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་བསམ་པའི་ཉམས་འགྱུར་དང་། འཇོན་ཐང་གི་བྱང་ཚད། སྤྱོད་ཚུལ་གཟུགས་བརྙན་བཅས་ཐད་ལའང་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ཆབ་སྲིད་ལ་ཉམས་སད་ཐེག་ཐུབ་ལ་འཇོན་ཐང་ཆེན་པོའང་རྒྱུན་འཁྱོངས་བྱས་ཏེ་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་དང་། སྒྲིག་བསྟར་ཁྲིམས་སྒྱུར་གྱི་སྤུས་ཚད་མཐོར་གཏོང་། ལས་བྱེད་པ་འདེམས་པ་དང་། གསོ་སྦྱོང་། དོ་དམ། སྤྱོད་པ་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཏན་འབེབས་དང་། སྒྲིག་ཁྲིམས། བཅའ་ཁྲིམས་ལྟར་འགན་སྒྲུབ་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་ལས་བྱུང་བ་དང་ཏང་གི་ཆེད་དུ་འབད་འཐབ་བྱེད་ཀྱི་ཡོད་པས། འཐབ་འཛིང་ནི་ལྷན་སྐྱེས་ཀྱི་གཤིས་རྒྱུད་དང་ལས་ཀའི་རྒྱུན་རྣམ་ཞིག་རེད། རུལ་རྒོལ་འཐབ་རྩོད་ནི་དུ་ཞགས་མེད་པའི་དམག་འཁྲུག་ཅིག་ཡིན་པས་དྲང་འཁྱོག་བར་གྱི་འགྲན་རྩོད་ཁྲོད་ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འཐབ་རྩོད་ཀྱི་སྙིང་སྟོབས་ལ་ཤུགས་སྣོན་བརྒྱབ་སྟེ་དྲང་གཞག་ངང་སྒྲིག་བསྟར་ཁྲིམས་སྒྱུར་ལ་ལྟ་སྐུལ་བྱེད་པ་དང་། ཁ་དགྲ་མི་བསགས་པ་མི་བྱེད་པ་དང་མི་གཞན་ལ་ཕོག་ཐུག་གཏོང་བར་མི་སྐྲག་པ་བྱས་ནས་ཐ་ཤལ་དང་རུལ་སུངས་ཀྱི་སྣང་ཚུལ་མཐའ་དག་ལ་འོས་མེད་འགྲིག་ཐབས་སྤུ་ཙམ་ཡང་མི་བྱེད་པའི་འཐབ་རྩོད་ཧུར་ཐག་བྱེད་དགོས་པ་དང་། བདེན་གཙོའི་སྙིང་སྟོབས་ལ་ཤུགས་སྣོན་རྒྱག་པ་དང་། བརྟག་དཔྱད་ཞིབ་འཇུག་མུ་མཐུད་དར་སྤེལ་གཏོང་བ། གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་ནུས་ལྡན་དང་ཡག་པོ་འཚོལ་བ་བཅས་བྱས་ཏེ་ལས་དོན་བཀོད་སྒྲིག་བྱས་པ་རྣམས་མང་ཚོགས་དང་འབྲེལ་འདྲིས་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཡོང་བར་བྱེད་དགོས། ཁྲིམས་སྐྱོང་གི་སྙིང་སྟོབས་ལ་ཤུགས་སྣོན་རྒྱག་པ་དང་། དོན་དངོས་གཞི་འཛིན་སར་བྱེད་པ་དང་སྒྲིག་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ནས་ལས་དོན་སྤེལ་ཏེ་གང་སར་རྩ་དོན་བཟུང་བ་དང་། གོ་རིམ་ཚང་མར་ཚད་གཞི་ཡོད་པ། དུས་དང་རྣམ་པ་ཀུན་ཏུ་ཚད་གཞི་ལྡན་པ་བཅས་ཡོང་བར་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་མཚམས་མེད་རྒྱུན་སྒྲུབ་དང་ཏང་གི་རང་ངོས་གསར་བརྗེ་བྱ་རྒྱུའང་མཚམས་མེད་རྒྱུན་སྒྲུབ་ཡིན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་། ནམ་ཡང་འབད་པ་ལྷོད་མེད་བྱེད་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཚམས་མེད་རྒྱུན་སྒྲུབ་ཀྱི་བློ་བརྟན་འགྱུར་མེད་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།