དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་ནས་ཐུན་མིན་གྱི་ལོ་གསར་ཞིག་གཏོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-03

    ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་བྱས་ཏེ་ལོ་གསར་དགའ་གཏོང་བྱེད། མི་རྣམས་དགའ་སྤྲོའི་དཔལ་ལ་རོལ་ཏེ་མཉམ་འཛོམས་བྱེད་པའི་དུས་སྐབས་སུ་མི་ཁག་གཅིག་གིས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱས་ནས་དཔྱིད་གསར་དུས་ཆེན་ལ་དྲོ་སྐྱིད་དང་བཀྲག་མདངས་ཤིག་བསྣན་ཡོད།

    མེ་འཁོར་གྱི་འཁོར་སྒྲོམ་སྦྲེལ་མཐུད་པས། མེ་འཁོར་ལྷུ་སྒྲིག་དང་འཁོར་སྒྲོམ་སྦྲེལ་མཐུད་བྱེད་པ།

    “ལམ་དང་པོ། ལམ་གཉིས་པ། ལམ་གསུམ་པ”ཞེས་པའི་འབོད་ཚིག་གྲགས་པ་དང་བསྟུན་ནས་ལྷ་ས་མེ་འཁོར་བབས་ཚུགས་འགྲུལ་སྐྱེལ་འཁོར་སྐྱོད་པན་ཀ་པའི་བཀོད་གཏོང་ཀྲང་སུང་གོ་ཐིང་གིས་གྱོན་ཆས་ཚོས་གཞི་མི་འདྲ་བ་གྱོན་པའི་ན་གཞོན་ལས་བཟོ་གསུམ་འཁྲིད་དེ་ལག་བརྡའི་ལུས་རྩལ་རྩེ་ནས་སེམས་ཤུགས་རབ་འཕེལ་ངང་གནམ་གང་གི་ལས་ཀའི་འགྲན་སློང་གསར་པ་བསུ་བཞིན་ཡོད།

    ཟླ་1ཚེས་28ཉིན་ནི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་གནམ་གང་ཡིན་ཞིང་། ཞོགས་པའི་ཆུ་ཚོད་9པར་སུང་གོ་ཐིང་གིས་ལབ་པར་དང་། ཤུ། ལས་སྒྲུབ་ཟིན་ཐོ་འགོད་ཆས་བཅས་འཁྱེར་ནས་མེ་འཁོར་གཏོང་ཁང་དུ་བསྐྱོད་དེ་མེ་འཁོར་འཁོར་སྐྱོད་ཀྱི་ལས་སྒྲུབ་འཆར་གཞི་བླངས་པ་དང་སྦྲགས། ཉིན་གཅིག་གི་བྲེལ་བརྩོན་ཆེ་བའི་ལས་ཀ་འགོ་ཚུགས། ཆུ་ཚོད་9དང་སྐར་མ་16ལ། མེ་འཁོར་དལ་གྱིས་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། སུང་གོ་ཐིང་གིས་འཁོར་སྐྱོད་པན་ཀ་པའི་ལས་རོགས་ཀྱི་སྣེ་ཁྲིད་ནས་མྱུར་དུ་འཁོར་ལམ་དུ་སོང་སྟེ་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་མེ་འཁོར་འཁོར་སྐྱོད་ཀྱི་ལས་འགོ་བརྩམས། ཆུ་ཚོད་9དང་སྐར་མ་20ལ། ལས་བགོས་ཁ་གསལ་དང་གཞོགས་འདེགས་དམ་ཟབ་བྱས་པ་བརྒྱུད་བཀོད་གཏོང་འཕྲུལ་འཁོར་དུས་ཐོག་ཏུ་གནས་ལ་འབྱོར་ནས་འཁོར་སྒྲོམ་གཉིས་ཀྱི་ལྕགས་ཀྱུ་ཕན་ཚུན་མཐུད་པ་དང་སྦྲགས། སྦྲེལ་མཐུད་དང་སྒྲོམ་སྣོན་ལེགས་གྲུབ་བྱུང་བ་རེད། ཆུ་ཚོད་10པ་ཏག་ཏག་ལ། སྒྲོམ་སྣེ་མཐུད་པའི་འཆར་གཞི་དང་པོ་བདེ་བླག་ངང་མཇུག་འགྲིལ།

    སུང་གོ་ཐིང་གིས“ང་ལས་ཀར་ཞུགས་ནས་ལོ་ལྔ་ཕྱིན་སོང་། ད་ལོ་ལས་གནས་ཐོག་གནམ་གང་གཏོང་ཐེངས་ལྔ་པ་དེ་ཡིན”“དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་ཏེ་ཕར་འགྲོ་ཚུར་འོང་གི་འགྲུལ་པ་རྣམས་ལ་ཞབས་འདེགས་ཞུས་ནས་ཁོང་ཚོ་ཁྱིམ་དུ་ལོ་གསར་གཏོང་བར་སྐྱེལ་བ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་སྙམ་གྱི་འདུག”ཅེས་གསར་འགོད་པར་བཤད།

    འཁོར་དོན་བཀོད་གཏོང་ལས་དོན་གྱིས་ལྕགས་ལམ་གྱི་འཁོར་སྐྱོད་མ་ལག་ཁྲོད་གནད་འགག་གི་ནུས་པ་ཐོན་བཞིན་ཡོད། སུང་གོ་ཐིང་དང་ལས་རོགས་ཚོས་ཉིན་མཚན་ལ་མི་བལྟོས་པ་དང་གྲང་ངར་ལ་མི་འཛེམས་པར་ལྷ་ས་བབས་ཚུགས་སུ་འབྱོར་བའི་མེ་འཁོར་ཚང་མའི་འཁོར་སྒྲོམ་བཀྲོལ་བ་དང་། དེ་ནས་དགོས་མཁོ་དངོས་དང་བབས་ཚུགས་སུ་འབྱོར་བའི་ཁ་ཕྱོགས་གཞིར་བཟུང་ཡང་བསྐྱར་ལྷུ་སྒྲིག་དང་འཁོར་སྒྲོམ་སྣོན་འཕྲིའི་ལས་ཀ་བྱས་ཏེ། མེ་འཁོར་འཕྱུགས་པ་མེད་པའི་སྒོ་ནས་དམིགས་སར་འབྱོར་བའི་འགན་ལེན་བྱེད་ཀྱི་ཡོད། དེ་ནི་སུང་གོ་ཐིང་དང་ལས་རོགས་ཚོའི་རྒྱུན་གཏན་གྱི་ལས་ཀ་ཞིག་ཡིན་ལ། ལྕགས་ལམ་འཁོར་དོན་མ་ལག་ཁྲོད་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་གནས་གྲས་ཤིག་ཀྱང་རེད།

    ལྷ་ས་བབས་ཚུགས་ནི་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་དུམ་བུའི་མཐའ་མའི་བབས་ཚུགས་དང་དེ་བཞིན་ལྷ་ཉིང་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་གྱི་འགོ་ཚུགས་བབས་ཚུགས་ཡིན་པའི་ངོས་ནས་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར་ཆ་13ཐོན་པའམ་འབྱོར་གྱི་ཡོད། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཕུད། ཐོན་འབྱོར་གྱི་མེ་འཁོར་ཚང་མར་སྤོ་སྐོར་ལྷུ་སྒྲིག་གི་ལས་ཀ་བྱེད་དགོས་ཀྱི་ཡོད། སུང་གོ་ཐིང་གནས་སའི་ལས་གནས་སུ་ཆུ་ཚོད་24ཡི་རེས་སྐོར་ལས་རེས་ལམ་ལུགས་ལག་ལེན་བསྟར་གྱི་ཡོད་པ་དང་། ཁོང་ཉིན་ལྟར་ལྕགས་ལམ་བརྒྱུད་དེ་རྐང་ཐང་མར་སྤྱི་ལེ་10ལྷག་ཙམ་སྐྱོད་དགོས་ཀྱི་ཡོད།

    དགོང་མོའི་ཆུ་ཚོད་8དང་སྐར་མ་51ཙམ་ལ། ཉིང་ཁྲི་ནས་ལྷ་སར་ཡོང་བའི་མེ་འཁོར་Z8902ནི་དཔྱིད་གསར་གནམ་གང་དགོང་མོར་བབས་ཚུགས་སུ་འབྱོར་བའི་མེ་འཁོར་མཐའ་མ་དེ་ཡིན་ཞིང་། སུང་གོ་ཐིང་གིས་ལས་རོགས་ཁྲིད་ནས་མེ་འཁོར་བབས་ཚུགས་སུ་འབྱོར་པའི་མེ་འཁོར་ལྷུ་སྒྲིག་དང་འཁོར་སྒྲོམ་སྣོན་འཕྲིའི་ལས་ཀ་བྱེད་འགོ་ཚུགས་པ་དང་། ལག་བཞུ་གསུམ་བཞི་ཙམ་གྱིས་མུན་ནག་གི་ཡོལ་བ་བརྟོལ་ཏེ་འཁོར་ལམ་ཐོག་འོད་འཕྲོ་བཞིན་མེ་འཁོར་ཧྲིལ་པོར་སྐྱོན་མེད་ངང་ནས་ལོ་གསར་པའི་འགྲུལ་པ་ཁག་དང་པོ་བསུ་བའི་འགན་ལེན་བྱས་པ་རེད།

    ས་ཡོམ་གེགས་ཁུལ་གྱི་རོགས་སྐྱོབ་ལས་བྱེད་པ། དགུ་ཐུག་དགོང་མོའི་སེམས་རྩ་འཁོལ་བའི“སེམས་ནད”

    དཔྱིད་གསར་གནམ་གང་གི་དགོང་མོ་ནི་བོད་ཟླ་བཅུ་གཅིག་པའི་ཉི་ཤུ་དགུ་དང་ཏག་ཏག་འཁེལ་ཞིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་གཙོས་པའི་གཙང་ཁུལ་དུ་གཏོང་བའི་སོ་ནམ་ལོ་གསར་གྱི་དགུ་ཐུག་རེད།

    དིང་རི་རྫོང་གྲམ་མཚོ་ཤང་རྩྭ་གྲོང་ཚོའི་སྟབས་བདེའི་ཁང་པའི་བཀོད་སྒྲིག་བྱ་ཡུལ་དུ་རྩྭ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ལས་དོན་རུ་ཁག་གི་རུ་དཔོན་བསྟན་འཛིན་ཕུན་ཚོགས་ཀྱིས་ཁྱིམ་དུད་དུ་འདྲི་རྟོག་བྱེད་བཞིན་ཡོད། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཚུན། ཁོང་གིས་དགོང་ལྟར་ཁྱིམ་དུད་དུ་འདྲི་རྟོག་བྱེད་པར་འགྲོ་ཡི་ཡོད་ཅིང་། དགུ་ཐུག་དགོང་མོ་ནི་ཁོང་གིས་ལུགས་རྙིང་ཤིང་འབྲུག་2024ལོར་ཁྱིམ་དུད་དུ་འདྲི་རྟོག་ལ་སྐྱོད་ཐེངས་མཐའ་མ་དེ་རེད།

    བསྟན་འཛིན་ཕུན་ཚོགས་གྲོང་མི་ཉི་མ་སྒྲོལ་མའི་ཁྱིམ་དུ་སྐྱོད་སྐབས། ཉི་མ་སྒྲོལ་མས་དགུ་ཐུག་སྐོལ་བཞིན་ཡོད་པ་རེད།

    “ཚང་མ་སྣང་དག་མེད་དམ། རོགས་རམ་དགོས་སམ”ཞེས་བསྟན་འཛིན་ཕུན་ཚོགས་ཀྱིས་དེ་ལྟར་སྐད་ཆ་དྲིས།

    “དེ་རིང་ཁྱེད་ལ་རེ་རྒྱུའི་ལས་ཀ་གཅིག་ལས་མེད། ངའི་ཁྱིམ་དུ་དགུ་ཐུག་མཆོད་རོགས་ཞུ་གི་ཡིན”ཞེས་ཉི་མ་སྒྲོལ་མས་དགོད་བཞིན་ལན་བཏབ།

    བསྟན་འཛིན་ཕུན་ཚོགས་ཀྱིས་ཐོས་རྗེས་དགོད་འཚེར་འཚེར་བྱས། དེ་རིང་སྐོར་བའི་ཁྱིམ་དུད་བཅུ་དགུ་ཚང་མས་ཁོང་ལ་རེ་བ་དེ་ལྟར་བཏོན་ཡོད།

    ཁ་ཉིན་རྩྭ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྟབས་བདེའི་ཁང་པར་སྤོས་ཡོད། ཉི་མ་སྒྲོལ་མར་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནས་སྤྲད་པའི་ལོ་གསར་གྱི་གཅེས་སེམས་ལག་རྟགས་ཏེ། རྩམ་པ་རས་སྒྱེ་གང་དང་། ཚགས་ཤ ཇ་ལོ། བུ་རམ། གྲོ་མ། ནས་ཆང་སོགས་ལག་འབྱོར་ཟིན་ཞིང་། ཁོང་དགའ་ཚོར་ཆེན་པོ་སྐྱེས་པ་དང་། བཟའ་བཅའ་དེ་དག་རག་པས་བློ་བདེ་པོའི་ངང་དགུ་ཐུག་སྐོལ་ཆོག་གི་ཡོད།

    ཉི་མ་སྒྲོལ་མས་སེམས་རྩ་འཁོལ་པོས་བསྟན་འཛིན་ཕུན་ཚོགས་དགུ་ཐུག་འཐུང་བར་འབོད་སྐབས་བསྟན་འཛིན་ཕུན་ཚོགས་ལ་དགའ་རོགས་ཚེ་བརྟན་གྱི་བརྙན་ལམ་ཁ་པར་འབྱོར།

    བསྟན་འཛིན་ཕུན་ཚོགས་དང་ཁོང་གི་དགའ་རོགས་ཚེ་བརྟན་གྱིས་ཟླ་བ་དང་པོར་ལག་ཁྱེར་བླངས་ནས་གཉེན་སྒྲིག་བྱེད་རྩིས་ཡོད་ཀྱང་གློ་བུར་དུ་ཐོན་པའི་ས་ཡོམ་རྐྱེན་གྱིས་ཁོང་གཉིས་ཀྱི་གཉེན་སྒྲིག་དུས་ཚོད་འགྱངས་དགོས་བྱུང་ཡོད།

    “ད་ལྟ་རང་ཉིད་ཀྱི་དོན་དག་ཚང་མ་དོན་ཆུང་ཡིན། མིག་མདུན་གྱི་མང་ཚོགས་ཀྱི་དོན་དག་ནི་དོན་ཆེན་རེད” ཁོང་གིས་མང་ཚོགས་རྣམས་བདེ་འཇགས་དང་བདེ་འཁོད་བྱུང་རྗེས་གཞི་ནས་གཉེན་སྒྲིག་གི་དོན་དག་ལ་བསམ་བློ་གཏོང་གི་ཡིན་ཞེས་བཤད།

    ཉི་མ་སྒྲོལ་མས“དོ་དགོང་ཁྱེད་རང་གང་དུ་དགུ་ཐུག་མཆོད་ཀྱང་ངས་སྐོལ་བའི་དགུ་ཐུག་ཕོར་པ་གང་ཡིན་ཅིག་མཆོད་དགོས་ཡོད”ཅེས་བཤད།

    “ཁྱིམ་ཚང་རེ་ནས་ཕོར་པ་གང་རེ་བཏུངས་ན་དོ་དགོང་ང་ཕོར་པ་བཅུ་གྲངས་ཙམ་འཐུང་དགོས་འདུག”ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་གད་མོ་དགོད་བཞིན་བཤད།

    “ཁྱོད་ཀྱིས་མཆོད་ཐུབ་ན་ཕོར་པ་བརྒྱ་ཡང་འདང་བ་ཡོད”ཅེས་ཉི་མ་སྒྲོལ་མས་དགོད་སློང་བཞིན་བཤད།

    བརྙན་ལམ་ཁ་པར་བརྒྱབ་ཚར་རྗེས་བསྟན་འཛིན་ཕུན་ཚོགས་ཀྱིས་ལག་བཞུ་འཁྱེར་ནས་མུ་མཐུད་སྟབས་བདེའི་ཁང་པ་རེ་རིའི་ནང་གི་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད།

    དོ་དགོང་སུའི་ཁྱིམ་དུ་དགུ་ཐུག་འཐུང་རྒྱུ་ཡིན་ནམ་ཞེས་པ་དེ་ནི་ས་ཡོམ་གེགས་ཁུལ་གྱི་འཐབ་ས་དང་པོའི་རོགས་སྐྱོབ་ལས་བྱེད་པ་བསྟན་འཛིན་ཕུན་ཚོགས་ཀྱི་སེམས་རྩ་འཁོལ་བའི“སེམས་ནད”ཅིག་ཏུ་གྱུར་ཡོད།

    མཐའ་མཚམས་ཀྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པས། ལོ་གསར་ལ་ལས་གནས་བརྟན་སྲུང་བྱེད།

    ཟླ་1ཚེས་29ཉིན་གྱི་དཔྱིད་གསར་ཚེས་གཅིག་ཉིན་སྐྱ་མདའ་བཏང་མ་ཐག་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་ཞེར་བ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་མིག་དམར་དངོས་གྲུབ་མལ་ལས་ལངས་ཏེ་ཁ་ངོ་བཀྲུས་ཟིན་རྗེས་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས།

    ཞོགས་ཟས་སྟབས་བདེ་ཞིག་བཟས་རྗེས་མིག་དམར་དངོས་གྲུབ་ཀྱིས་ལས་སྒྲུབ་ཀྱི་སྒྲིག་ཆས་འཁྱེར་ནས་གྲང་རླུང་ཁྱད་དུ་བསད་དེ་ལས་རོགས་ཚོ་དང་མཉམ་དུ་སྐོར་གཡེང་གི་ལམ་དུ་ཞུགས། ཁོང་གིས“དེ་རིང་སྐོར་གཡེང་གི་ལས་འགན་ལ་ས་མཚམས་རྡོ་ཕུར་10པ་དང་། རྡོ་ཕུར་7པ། རྡོ་ཕུར་5པ་བཅས་ཡོད། སྐོར་གཡེང་གི་ལམ་བདེ་པོ་དེ་ཙམ་མེད། རླངས་འཁོར་སྐྱོད་ཐབས་བྲལ་བའི་ས་ཆར་རྐང་ཐང་མར་འགྲོ་རྒྱུ་རེད”ཅེས་གསར་འགོད་པར་བཤད།

    ལོ་34ལ་སླེབས་པའི་མིག་དམར་དངོས་གྲུབ་ཀྱི་ཕ་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན་པ་དང་། ཞེར་བ་ཉེན་དོན་ཁང་དུ་ལས་ཀ་བྱས་ནས་ལོ་6སོང་བ་དང་ལོ་5ཡི་དཔྱིད་གསར་དུས་ཆེན་ཚང་མ་ལས་གནས་བརྟན་སྲུང་བྱས་ཡོད། “ང་ནང་མི་དང་མཉམ་འཛོམས་བྱེད་པའི་དུས་ཚོད་དཀོན་པོ་ཡིན”ཞེས་ནང་མིའི་སྐོར་གླེང་སྐབས་ཁོང་ལ་གནོང་འགྱོད་ཆེན་པོ་ཡོད་པ་རེད།

    མིག་དམར་དངོས་གྲུབ་ལ་ཕྲུ་གུ་གཉིས་ཡོད་ཅིང་། བུ་ལོ་6ལ་སླེབས་པ་དང་བུ་མོ་ལོ་3ལ་སླེབས་ཀྱི་ཡོད། བུ་ཡིས་ཉེན་རྟོག་ཆས་གྱོན་པའི་ཕ་མཐོང་སྐབས་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད། བུས་རྟག་ཏུ་པ་ཕར“ང་ཆེན་པོ་ཆགས་རྗེས་པ་ཕ་དང་འདྲ་བར་ཉེན་རྟོག་པ་ཞིག་བྱས་ནས་མེས་རྒྱལ་སྲུང་སྐྱོབ་བྱེད་ཀྱི་ཡིན”ཞེས་ཤོད་ཀྱི་ཡོད། བུས་དེ་ལྟར་ཤོད་པ་ཐོས་སྐབས་མིག་དམར་དངོས་གྲུབ་དགའ་ཚོར་ཆེན་པོ་སྐྱེ་ཡི་ཡོད།

    བརྙན་ལམ་ཁ་པར་བཏང་ཟིན་རྗེས་མིག་དམར་དངོས་གྲུབ་ཀྱིས་སྔ་ས་ནས་གྲ་སྒྲིག་ཟིན་པའི་འོ་མ་དང་། འཐུང་བྱ། འབྲས། གྲོ་ཞིབ། སྣུམ་སོགས་འཚམས་འདྲིའི་དངོས་རྫས་འཁྱེར་ནས་དྭ་ཕྲུག་སྤེན་པ་ཆུང་བདག་དང་པད་མ་བདེ་སྐྱིད་ལ་ལྟ་བར་ཕྱིན།

    མིག་དམར་དངོས་གྲུབ་སླེབས་པས་སྤེན་པ་ཆུང་བདག་དང་པད་མ་བདེ་སྐྱིད་དགའ་ཚོར་ཆེན་པོ་སྐྱེས་ཤིང་། ཕྲུ་གུ་གཉིས་ཀྱིས་ཁོང་གི་ལག་ནས་འཇུས་ཏེ་ཁང་པའི་ནང་འཁྲིད་ནས་ཇ་བསྲུབས་མ་བླུགས་པ་དང་ཅི་འཕྲོས་མོལ་འཕྲོས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་དང་འདི་ག་ཚགས་པར་ཁང་གིས་སྤེལ་བའི་ཕྱོགས་བསྡུས་གནས་ཚུལ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།