དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2024ལོར་བོད་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་ཡར་ཐོག་ལེགས་འཕེལ་བྱུང་བ།

    དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

    ●2024ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2764.94ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.3%འཕར་ཡོད།

    ●2024ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཐོག་མར་ཏུན་ཁྲི་110ལས་བརྒལ་ནས་ཏུན་ཁྲི་112.9ཟིན་ཏེ་3.8%འཕར་ཡོད།

    ●ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་943.44ཟིན་ཡོད།

    ●གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཡོད།

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2024ལོར་བོད་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་ཡར་ཐོག་ལེགས་འཕེལ་བྱུང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག དམངས་ཁྲོད་མ་འཇོག སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་དངུལ་འབོར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དམིགས་ཚད་ཁག་9ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཐོག་ཞིབ་རྩིས་བྱས་པར་གཞིགས་ན། 2024ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2764.94ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་247.52ཟིན་ནས་11.5%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་1016.07ཟིན་ནས་8.2%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་1501.35ཟིན་ནས་4.5%འཕར་ཡོད།

    2024ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཐོག་མར་ཏུན་ཁྲི་110ལས་བརྒལ་ནས་ཏུན་ཁྲི་112.9ཟིན་ཏེ་3.8%འཕར་ཡོད། འབྲུ་རིགས་ཀྱི་ཐོན་འབབ་བསྡོམས་འབོར་བསྟུད་མར་ལོ་10རིང་ཏུན་ཁྲི་100ཡན་བརྟན་པོ་བྱུང་ཡོད། དེའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་88.8དང་སྔོ་ཚལ་གྱི་ཐོན་འབབ་ཏུན་ཁྲི་96.50ཟིན་ནས་9.2%འཕར་བ། ཕག་ཤ་དང་། ཚགས་ཤ། ལུག་ཤ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་32.71ཟིན་ནས་5.6%འཕར་ཡོད།

    2024ལོར་ལྗོངས་ཡོངས་ཀྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཚོ་བའི”འཛད་སྤྱོད་སྐུལ་སྤེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། “གསར་གཉིས”སྲིད་ཇུས་ཞིབ་ཕྲ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བ་ལས་སྲིད་ཇུས་སྡེབ་སྒྲིག་གི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད། འཛད་སྤྱོད་ཁྲོམ་ར་ལོ་འགོར་ཆག་པའི་རྣམ་པ་ནས་ཟླ་རེ་བཞིན་འཕར་ཏེ་ལོ་ཧྲིལ་པོར་7.2%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་རྒྱུན་མཐུད་སླར་གསོ་དང་ལེགས་སུ་འགྲོ་བཞིན་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་943.44ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཆ་དོད་དུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱས་པའི་མི་ཐེངས་དང་ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་15.8%དང་14.5%སོ་སོར་འཕར་ཡོད།

    ལོ་ཧྲིལ་པོར་རང་ལྗོངས་ཀྱིས་དམངས་འཚོའི་བྱ་བ་དངོས་ཁག་21ཏན་ཏིག་བསྒྲུབས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444དང་སྒོར་21578སོ་སོར་ཟིན་ནས་འཕར་ཚད་ཚང་མ་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་མྱུར་ཚད་ལས་མཐོ་བ་བྱུང་ཡོད། ལྷག་པར་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ནས་8.3%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་6.8%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་ལས“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ”མངོན་འགྱུར་བྱུང་སྟེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བས་ལེགས་པ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།