རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ན་ནིང་བོད་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་126.7ཟིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོར། བོད་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་126.7ཟིན་པ་དེ་དུས་མཚུངས་ལས་15.4%འཕར་ཞིང་། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་113.2ཟིན་ནས་15.3%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་13.5ཟིན་ནས་16.9%འཕར་ཡོད། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་ལོ་གཉིས་བསྟུད་མར“དུང་ཕྱུར་བརྒྱ”ཟིན་་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཐོན་འཕར་གྱི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།
ཚོང་དོན་མངའ་ཁོངས་རྒྱ་བསྐྱེད་ཐད། 2024ལོར་བོད་ཀྱི་ཚོང་དོན་རོགས་ཟླའི་གྲངས་འབོར་རྒྱལ་ཁབ་བམ་ཡང་ན་ས་ཁུལ་140བར་མང་དུ་ཕྱིན་པ་དང་། ཚོང་དོན་ཁྱབ་ཁོངས་ཨ་མེ་རི་ཁ་བྱང་མ་ནས་ཨ་ཧྥེ་རི་ཁ་བར་རྒྱ་བསྐྱེད་པ། ཨེ་ཤེ་ཡ་ལྷོ་མ་ནས་དབུས་ཤར་ས་ཁུལ་བར་སྣུར་སྲིང་བྱུང་ནས་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད།
ས་ཁོངས་སྐུལ་ཁྲིད་ཐད། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་རྩའི་གནས་ཚུལ་བརྟན་པོ་ཡོང་བ་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས“གྲོང་ཁྱེར་ལྟེ་གནས”ཀྱི་སྐུལ་ཁྲིད་ནུས་པ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་65ཟིན་ནས་17.8%འཕར་བ་དང་། གཞིས་རྩེ་གྲོང་ཁྱེར་གྱིས“ལྟེ་བའི་གྲོང་ཁྱེར”གྱི་ཁྱབ་འགྱེད་ནུས་པ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་61ཟིན་ནས་12.5%འཕར་བ། གྲོང་ཁྱེར་གཉིས་དང་གྲོང་ཁྱེར(ས་གནས)གཞན་དག་གིས་ཕན་ཚུན་གཞོགས་འདེགས་བྱས་པ་ལས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་རྩའི་གནས་ཚུལ་བརྟན་པོ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་ནེའི་ཚོང་དོན་ཁྲོད་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་གཙོ་ཤུགས་ཞིང་ཆེན་གྱི་གནས་བབ་བཟུང་ཞིང་། 2024ལོར་ནེ་པ་ལ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་51.2ཟིན་ནས་84.8%འཕར་བ་དེས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་32.7%བཟུང་ཡོད། དེ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་དང་RCEPཡི་ཁོངས་མིའི་རྒྱལ་ཁབ་གཞན་དག་སོགས་དཔལ་འབྱོར་དངོས་ཚན་གཙོ་བོའི་ཚོང་དོན་སྐལ་གྲངས་ལོ་རེ་བཞིན་འཕར་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་80དང་སྒོར་དུང་ཕྱུར་27སོ་སོ་ཟིན་ཡོད།
ཁྱད་ལྡན་ཐོན་རྫས་དང་ནང་མཁོའི་ཐད། 2024ལོར་བོད་ཀྱིས་རང་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ལས་བརྒལ་ནས་གྲོང་ཁྱེར(ས་ཁུལ)བདུན་གྱི་ཕྱི་ཕྱོགས་ཚོང་དོན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།
སྐྱེ་ཁམས་འཕེལ་རྒྱས་ཁྱབ་ཁོངས་སུ་བོད་ཀྱིས་སྐྱེ་ཁམས་སྔོན་ལ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་པས། “ལྗང་མདོག་ཐོན་རྫས”ཕྱིར་གཏོང་བྱེད་ཚད་མང་དུ་ཕྱིན་པ་དང་ཀུ་ཤུ་སོས་པ་སོགས་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་0.4བྱུང་ཡོད།
མཐའ་མཚམས་སྟོབས་ཆེན་འཛུགས་སྐྱོང་ཐད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྒོ་མོའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། 2024ལོར་རིམ་རྩིས་བྱས་ན་རྒྱལ་མཚམས་ནས་ནང་འདྲེན་བྱེད་མི་ཆོག་པའི་སྲོག་ཆགས་དང་རྩི་ཤིང་དང་དེའི་ཐོན་རྫས་ཁག་ཐེངས་341བཀག་སྡོམ་བྱས་ཡོད། 2024ལོར་བོད་ཀྱི་མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་35.3ཟིན་ནས་32.3%འཕར་ཏེ། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱུང་ཡོད།