རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་དཔལ་འབྱོར་སྲིད་ཇུས་འགའ་ཞིག》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་དཔལ་འབྱོར་སྲིད་ཇུས་འགའ་ཞིག》(གཤམ་དུ《དཔལ་འབྱོར་སྲིད་ཇུས》ཞེས་བསྡུ་རྒྱུ)བཀྲམ་ནས་གཙོ་བོ་གཤམ་གྱི་སྲིད་ཇུས་དང་བྱེད་ཐབས་ཁ་གསལ་བཟོས་ཡོད།
གཅིག་ནི་ནོར་སྲིད་ཀྱི་རྒྱབ་སྐྱོར་ཡིན་ཞིང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་ནོར་ཤུགས་དང་འཚམ་པའི་ནོར་སྲིད་མ་འཇོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་ཁྱབ་ཁོངས་ཀྱི་གཙོ་གནད་འཆར་འགོད་དང་རྣམ་གྲངས་ཀྱི་གཏོང་སྒོ་འགན་ལེན་བྱ་རྒྱུ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། རིག་གནས་ཀྱི་གསར་རྩོམ་ནུས་པ་ཆེ་རུ་བཏང་ནས་རྩོམ་རིག་དང་། སྒྱུ་རྩལ། གསར་འགྱུར། དཔེ་སྐྲུན། གློག་བརྙན་དང་བརྙན་འཕྲིན། འགུལ་བརྙན་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་གསར་རྩོམ་ལ་རྒྱབ་སྐྱོར་བྱ་རྒྱུ། ཀུན་འདུས་སྨྱན་སྦྱོར་དང་རིག་གནས་སྤྲིན་ཚོགས་སོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་གཙོ་རྒྱུན་སྨྱན་སྦྱོར་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུ། སྤྱི་པའི་རིག་གནས་སྒྲིག་བཀོད་ཞབས་ཞུའི་འགོག་མེད་དང་རྒན་འཕྲོད་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་འགྲན་བསྡུར་ལ་ཁྲིད་སྟོན་དང་རོགས་སྐྱོར་བྱ་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ། རིག་དངོས་ཐོན་ཁུངས་འདུས་ཁུལ་དང་། རིག་དངོས། མངོན་མིན་རིག་གནས་ཤུལ་བཞག་བཅས་ལ་གོ་རིམ་ལྡན་པའི་ངང་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ། དེ་བཞིན་སྲོལ་རྒྱུན་གྲོང་ཚོ་བཅས་ལ་སྤྱི་ཡོངས་སྲུང་སྐྱོང་དང་གསོན་ཉམས་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། རིག་གནས་ཤུལ་བཞག་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ། དེ་བཞིན་བདེ་འཇགས་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད། གཉིས་ནི་ཁྲལ་བསྡུའི་གཟིགས་སྐྱོང་ཡིན་ཞིང་། རིག་གནས་ཀྱི་གནས་ཐང་འཕར་ཁྲལ་དང་སྒྲིག་སྲོལ་བསྒྱུར་བའི་རིག་གནས་ཁེ་ལས་ཀྱི་ཁྲལ་འབབ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དོན་འཁྱོལ་བྱ་རྒྱུ་རེད། གསུམ་ནི་དངུལ་རྩའི་ཞབས་ཞུ་ཡིན་ཞིང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིག་གནས་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཆ་རྐྱེན་དང་མཐུན་པའི་རིག་གནས་ཁེ་ལས་ཁྲོམ་རར་ཞུགས་པ་དང་བསྐྱར་དུ་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། བཞི་ནི་ཚན་རྩལ་གསར་གཏོད་ཡིན་ཞིང་། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ནུས་ལྡན་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། གསར་འགྱུར་སྨྱན་སྦྱོར་དང་རིག་གནས་ཤུལ་བཞག་སོགས་ཁྱབ་ཁོངས་སུ་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རིག་གནས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ་རིག་གནས་ཚན་རྩལ་གསར་གཏོད་ལས་སྟེགས་བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ་དང་། ནུས་སྟོབས་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་ནས་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ལག་རྩལ་འགག་སྒྲོལ་གྱི་ལས་འགན་གལ་ཆེན་འཁུར་བར་རྒྱབ་སྐྱོར་བྱ་རྒྱུ། རིག་གནས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཀྱི་སྤུས་ཚད་མཐོ་བའི་གྲངས་གཞིའི་ཕྱོགས་བསྒྲིགས་བཟོས་ཏེ་རིག་གནས་ཁྱབ་ཁོངས་ཀྱི་དཔེ་དབྱིབས་ཆེན་པོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད། ལྔ་ནི་ས་ཞིང་བེད་སྤྱོད་འགན་ལེན་ཡིན་ཞིང་། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་རིག་གནས་ཁེ་ལས་ཀྱི་ལུགས་མཐུན་གྱི་ས་ཞིང་བེད་སྤྱོད་དགོས་མཁོ་འགན་ལེན་བྱ་རྒྱུ་དང་། གནའ་བོའི་རྗེས་ཤུལ་དང་། གནའ་བོའི་བང་སོ། རིག་དངོས་བཟོ་སྐྲུན། ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ། སྲོལ་རྒྱུན་གྲོང་ཚོ་སོགས་སྲུང་སྐྱོང་གི་བླང་བྱ་དང་འཚམ་པའི་ས་ཞིང་བེད་སྤྱོད་དོ་དམ་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་རེད། དྲུག་ནི་ཡོང་འབབ་བགོ་བཤའ་ཡིན་ཞིང་། བྱ་གཞག་ཚན་པའི་བྱས་འབྲས་གླ་ཆའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ནང་ཁུལ་གྱི་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་རིག་གནས་བྱེད་སྒོ་གལ་ཆེན(ལས་གྲྭ)གྱི་འགན་འཁུར་ཁེ་ལས་ངོས་འཛིན་བྱས་རྗེས་ཁེར་རྐྱང་དུ་རིགས་དབྱེ་ཞིབ་རྩིས་དང་རིགས་དབྱེ་དཔྱད་ཞིབ་བྱེད་ཆོག་གི་ཡོད་པ་རེད། བདུན་ནི་ལམ་ལུགས་བསྒྱུར་བའི་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ལམ་སྲོལ་བསྒྱུར་རྗེས་སྔར་ཡོད་ཀྱི་རྒྱུན་ལྡན་ལས་སྒོའི་གྲོན་དངུལ་མུ་མཐུད་དུ་གཏོང་སྤྲོད་བྱ་རྒྱུ་བཅས་རེད།
《དཔལ་འབྱོར་སྲིད་ཇུས》ནང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་བྱེད་ཐབས་ཁག་ལག་ལེན་བསྟར་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།