“ལོ་ངོ་སྟོང་གི་རིག་གནས་ཀྱི་གློག་སྒྲོན་ཡུལ་སྐོར”གྱི་བརྗོད་དོན་གཙོ་བོའི་གློག་སྒྲོན་དུས་ཆེན་དེ་སི་ཕེན་གྱི་མ་ལ་ཅ་རུ་བཏང་བ།
“ཀྲུང་གོའི་ཚོན་ཁྲའི་གློག་སྒྲོན་གྱིས་གྲོང་ཁྱེར་ལ་མཛེས་རྒྱན་རབ་ཏུ་སྤྲས་པ”
འདི་ནི་མ་ལ་ཅ་ནུབ་ཕྱོགས་སྤྱི་གླིང་གི་ཆུ་ནང་གི་འབྲུག་གཟུགས་གློག་སྒྲོན་ཡིན་པ།
འདི་ནི་མ་ལ་ཅ་ནུབ་ཕྱོགས་སྤྱི་གླིང་ནང་གི་གློག་སྒྲོན་དོམ་ཁྲ་གཟུགས།
འདི་ནི་ལྟད་མོ་བས་ཀྲུང་གོའི་རིག་གནས་འཁྲབ་སྟོན་ལ་ལྟ་བཞིན་པ།
ཀྲུང་གོ་དང་སི་ཕེན་གྱི་ཚོགས་པས་མཉམ་དུ་གཉེར་བའི“ལོ་ངོ་སྟོང་གི་རིག་གནས་ཀྱི་གློག་སྒྲོན་ཡུལ་སྐོར”བརྗོད་དོན་གཙོ་བོར་བྱས་པའི“མ་ལ་ཅ་གློག་སྒྲོན་དུས་ཆེན”མི་རིང་བའི་གོང་དངོས་སུ་འགོ་ཚུགས་རྗེས། ཉིན་ལྟར་ས་གནས་དེ་གའི་དམངས་ཚོགས་དང་རྒྱལ་སྤྱིའི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ས་གནས་ས་ཐོག་གི་ལྒང་བཞུའི་བཟོ་དབྱིབས་དང་གློག་སྒྲོན་ཇུས་འགོད་སོགས་ཚང་མ་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་དང་པོའི་བཅོ་ལྔའི་དགོང་མོའི་ལྒང་བཞུའི་འདུ་ཚོགས་ལ་དཔེ་བལྟས་ནས་ཁྱོན་བརྗོད་དོན་གཙོ་བོ་13དང་། གློག་སྒྲོན་ཆེ་གྲས་30 ཚོན་ཁྲའི་གློག་སྒྲོན་600ལྷག་ཙམ་བཀོད་སྒྲིག་བྱས་ཏེ་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་རིག་གནས་དང་། སྒྱུ་རྩལ་གྱི་རྣམ་པ། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ནང་དོན་མངོན་པར་བྱས་ནས་ལྟད་མོ་བ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། བྱེད་སྒོ་དེ་2025ལོའི་ཀྲུང་གོའི་དང་པོའི་བཅོ་ལྔའི་དུས་ཆེན་བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།
དགོང་མོའི་ཆུ་ཚོད་7པ་ནས་བཟུང་། ཧ་ལམ་ཆུ་ཚོད་གཅིག་རེར་ཀྲུང་གོའི་རིག་གནས་འཁྲབ་སྟོན་ཐེངས་རེ་བྱེད་ཀྱི་ཡོད། དེའི་ནང་རྩལ་རྩེད་དང་། སི་ཁྲོན་གྱི་ཁྲང་ཞི་གདོང་འགྱུར། མི་རིགས་ཀྱི་གླུ་གར་སོགས་ཚུད་ཡོད། ཨེ་སོ་ཉི་ཡ་ནས་ཡིན་པའི་མེ་ལིན་སྤྱི་གླིང་ཉེ་འགྲམ་དུ་སྡོད་པ་དང་ཁོང་གིས་མི་ཚོགས་སྟུག་པོའི་ཁྲོད་སྤེལ་བའི་གློག་སྒྲོན་འགྲེམས་སྟོན་ལ་བལྟས་པ་དང་ཆེད་མངགས་ཉིན་དེའི་དགོང་མོའི་རྩལ་རྩེད་འཁྲབ་སྟོན་ཐེངས་དང་པོ་དེར་མྱོང་རོལ་བྱས་ཡོད། གར་སྟེགས་ཐོག་ཐག་རིང་ནས་ཡོང་བའི་ཀྲུང་གོའི་འཁྲབ་སྟོན་པ་ཚོས་རྫ་ཕོར་འདེགས་པ་དང་སྡེར་མ་བསྐོར་བ་སོགས་ཀྲུང་གོའི་སྲོལ་རྒྱུན་གྱི་རྩལ་རྩེད་རྣམ་གྲངས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་དང་གར་སྟེགས་འོག་གི་མེ་ལིན་དང་ཁོང་གི་བཟའ་ཟླ་དང་དེ་བཞིན་ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ལྟ་བཞིན་འདུག ཁོང་གིས“གློག་སྒྲོན་མཛེས་པ་མ་ཟད་ད་དུང་འཁྲབ་སྟོན་ཡང་ལྟད་མོ་ཆེན་པོ་འདུག”ཅེས་བརྗོད།
འདི་ལོའི་ཟླ་2པའི་ཟླ་དཀྱིལ་བར་ཀྲུང་གོའི་ཡིད་དུ་འོང་བའི་ཚོན་ཁྲའི་གློག་སྒྲོན་ས་དབུས་རྒྱ་མཚོའི་སྒྱུ་རྩལ་གྲོང་ཁྱེར་གྱི་མཚན་མོར་རབ་ཏུ་འཚེར། མ་ལ་ཅ་བ་ལུའོ་ལའེ་ནཱ་ཡིས་སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་ཐོག་ཀྲུང་གོའི་གློག་སྒྲོན་དུས་ཆེན་གྱི་ངོ་སྤྲོད་མཐོང་བ་ནས་བཟུང་ནང་མི་དང་མཉམ་དུ་བལྟ་བར་ཡོང་རྒྱུའི་བསམ་བློ་འཁོར་བྱུང་། ད་ཐེངས་མིག་ལམ་དུ་མཐོང་དུས་དངོས་འབྲེལ་ལྟད་མོ་ཆེན་པོ་འདུག་ལ“ཀྲུང་གོའི་ཚོན་ཁྲའི་གློག་སྒྲོན་གྱིས་གྲོང་ཁྱེར་ལ་མཛེས་རྒྱན་རབ་ཏུ་སྤྲས་འདུག”ཅེས་བརྗོད།