དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཛམ་གླིང་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས”

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པོར་ཀེ·པུའུ་ལུན་ཏེར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  རེན་ཡན། ཚུའེ་ཆི།   |     སྤེལ་དུས།  2025-01-27

    “འཛམ་གླིང་གི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་ཚོང་དོན་ཁྱབ་ཁོངས་སུ་ཀྲུང་གོར་གནས་བབ་གལ་ཆེན་ལྡན་པས་མུ་མཐུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད” འཛམ་གླིང་དཔལ་འབྱོར་གླེང་སྟེགས་2025ལོའི་ལོ་ཚོགས་རིང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པོར་ཀེ·པུའུ་ལུན་ཏེས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོའི་འདོད་ཚུལ་དང་བྱ་སྤྱོད་ཀྱིས་འཛམ་གླིང་ལ་བསྐྱར་དུ་ཡིད་ཆེས་ཐོབ་པར་རོགས་རམ་ཐུབ་རྒྱུ་ཡིན་པས་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པ་མ་ཟད། འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བར་ཡང་འདེགས་སྐྱོར་ཐུབ་རྒྱུ་རེད”ཅེས་བརྗོད་པ་རེད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཝོ་སིའི་གླེང་སྟེགས་ཐོག་གནང་བའི་གསུང་བཤད་ལས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་། འགྱུར་ལྡོག་དང་ཟང་ཟིང་འདྲེས་མའི་འཛམ་གླིང་ལ་རྩ་ཆེན་གྱི་ངེས་གཏན་རང་བཞིན་དང་བརྟན་ལྷིང་རང་བཞིན་མཁོ་འདོན་གནང་ཡོད”པུའུ་ལུན་ཏེས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཚེ་ད་གཟོད་དེང་སྐབས་མིའི་རིགས་ལ་འཕྲད་པའི་གཏིང་ཟབ་དང་རྙོག་འཛིང་ཆེ་བའི་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ཐུབ། རྒྱབ་ལྗོངས་དེའི་འོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་གནང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ནས་དུས་རབས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་ནན་བཤད་གནང་ཡོད།

    པུའུ་ལུན་ཏེས་ངོ་སྤྲོད་བྱས་དོན། སྐབས་འདིའི་གླེང་སྟེགས་ལོ་ཚོགས་ཀྱིས“རིག་ནུས་དུས་རབས་ཀྱི་མཉམ་ལས”བརྗོད་དོན་གཙོ་བོར་བྱས་ནས་ཕྱོགས་ཁག་གདན་དྲངས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐབས་ལམ་ལ་གྲོས་བསྡུར་བྱས་པ་དང་རིག་ནུས་དུས་རབས་ཀྱི་འཕེལ་རྒྱས་གོ་སྐབས་མཉམ་དུ་དམ་འཛིན་བྱས་ཡོད། “ཉིན་ཤས་གོང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག《གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་ཆར་བརྟག་ཡོ་བྱད》ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་འགྲན་སློང་ཆེ་བའི་གོ་ལ་ཧྲིལ་པོའི་དུས་བབ་ཀྱི་མདུན་དུ་མཉམ་ལས་ནི་དཔལ་འབྱོར་དང་། ཁོར་ཡུག ལག་རྩལ་བཅས་ཀྱི་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཞིག་ཡིན་ལུགས་འཁོད་ཡོད། དེ་ནི་གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཀྲུང་གོའི་འདོད་ཚུལ་དང་མ་གྲོས་གཅིག་མཐུན་ཡིན”ཞེས་པུའུ་ལུན་ཏེས་བརྗོད་པ་རེད།

    པུའུ་ལུན་ཏེས། ཀྲུང་གོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཤུགས་ཆེན་ཡོང་བར་སྐུལ་འདེད་བརྟན་པོ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཚན་རྩལ་སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་2035ལོར་སླེབས་སྐབས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་བཞིན་ཡོད། ཀྲུང་གོའི“‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་རྩ་གནད་ནང་། སྤྱི་ཚོགས་ཧྲིལ་པོས་ཞིབ་འཇུག་གསར་སྤེལ་ལ་ལོར་འགྲོ་གྲོན་མ་དངུལ་གཏོང་ཚད་ཆ་སྙོམས་7%ཡན་འཕར་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཀྲུང་གོས་གསར་གཏོད་དང་ལག་རྩལ་ཡར་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བརྗོད།

    “རང་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ་ཕུད། ཀྲུང་གོས་ད་དུང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟབས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ནང་ཞུགས་མཁན་གཙོ་བོར་གྱུར་ཡོད”ཅེས་པུའུ་ལུན་ཏེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཚོད་ལྟ་ཁང་70ལྷག་ཙམ་བཙུགས་ནས་ས་ཁོངས་དང་གོ་ལ་ཧྲིལ་པོའི་ཚན་རྩལ་མཉམ་ལས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། “ཀྲུང་གོའི་རིག་གཞུང་སྒྲིག་གཞིས་ཀྱང་གོ་ལ་ཧྲིལ་པོའི་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལས་བྱུང་བའི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་དང་མི་དམངས་སྔར་ལས་མང་བར་བདེ་སྐྱིད་ཐོབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།