ཇོ་མོ་གླང་མའི་འདབས་སུ་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས།
བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྒྲིལ་གླེང་གཉིས་པ།
ཟླ་1ཚེས་22ཉིན་ནི་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཡོམ་ཁུལ་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་སྒོ་རྩིས་ཚོང་ཁང་དང་པོ་དང་སྟབས་བདེའི་བོད་ཟས་ཟ་ཁང་དང་པོ་དངོས་སུ་ལས་གཉེར་བྱེད་འགོ་ཚུཌ་པའི་བཀྲ་ཤིས་ཉིས་བརྩེགས་ཀྱི་ཉིན་མོ་ཞིག་རེད། འཛད་སྤྱོད་བྱེད་པར་ཡོང་མཁན་བར་ཆད་རྒྱུ་མེད་པ་རེད།
“མང་ཚོགས་ལ་ཁ་ཐང་བའི་དངོས་པོ་གང་དགོས་རུང་ངའི་སྒོ་རྩིས་ཚོང་ཁང་ནང་ཡོད”
དིང་རིའི་ཨའེ་ཅཱ་སྒོ་རྩིས་ཚོང་ཁང་དུ་འཛུལ་སྐབས་ཚོང་སྒྲོམ་སྟེང་ཚོང་ཟོག་འདྲ་མིན་སྣ་ཚོགས་བསྒྲིགས་ཡོད་པ་དང་བྱིས་པ་ཁ་ཤས་ཀྱིས་དངུལ་འཁྱེར་ནས་ཚོང་སྒྲོམ་གྱི་མདུན་དུ་ཡོང་ནས་རང་ཉིད་དགའ་བའི་རྔན་པ་དང་རྩེད་ཆས་འདེམས་བཞིན་འདུག
“བོད་ཟས་ཟ་ཁང་འདི་ཡོད་པས་ཁོམ་པ་ཡོད་དུས་ང་ཚོ་འདིར་ཡོང་ནས་ཇ་དང་བོད་ཐུག་འཐུང་གི་ཡོད། མ་འོངས་པར་ཟ་ཁང་དང་ཚོང་ཁང་དེ་བས་མང་བ་བཙུགས་ནས་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་དིང་རིའི་མིག་དམར་སྒྲོལ་མའི་བོད་ཟས་ཟ་ཁང་དུ་ཡུལ་མི་ཕུན་ཚོགས་ཚེ་རིང་གིས་བོད་ཐུག་འཐུང་བཞིན་བློ་ཡིད་ཚིམ་པོས་བཤད།
གང་ཐུབ་ཅི་ཐུབ་ཀྱིས་ལས་དོན་ཞིབ་ཕྲ་བསྒྲུབས་ཤིང་། ཉིན་བཅུ་ལྷག་ཙམ་རིང་དང་ལྷག་པར་དུ་ཡོམ་འགོག་གེགས་སེལ་ལས་དོན་དེ་གནས་སྐབས་བཀོད་སྒྲིག་ནས་ཕྱོཌ་ཡོངས་ནས་བར་བརྒལ་བཀོད་སྒྲིག་ཏུ་བསྒྱུར་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་དྲོད་སྲུང་གུར་ནང་སྡོད་པ་དང་། ཆུ་འཁོལ་མ་འཐུང་བ། ལྟོ་ཆས་ཚ་པོ་ཟ་བ།
དྲོ་སོབ་སོབ་ངང་མཚན་མོ་སྐྱེལ་བ་བཅས་ཀྱི་ཐད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་གྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་ཐབས་བྱས་པས། དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་གདེང་ཚོད་ཆེ་རུ་ཕྱིན་ཡོད།
སྒྲིག་ཆས་ཆ་ཚང་བས་བདེ་འཇགས་ངང་དགུན་ཁ་སྐྱེལ་ཐུབ་པ།
དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་ཉན་མདའ་རང་བྱུང་གྲོང་ཚོའི་སྟབས་བདེའི་ཁང་པ་བཀོད་སྒྲིག་བྱ་ཡུལ་དུ་སྟབས་བདེའི་ཁང་པ་19སྟར་པ་གཉིས་སུ་བགོས་ནས་ཁ་སྤྲོད་དུ་བཙུགས་ཡོད། སྟབས་བདེའི་ཁང་པའི་སྟེང་གི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། དུ་ཁུང་ནས་དུ་བ་ལང་ལོང་དུ་འཕྱུར་བཞིན་ཡོད་ལ་སྟབས་བདེའི་ཁང་པའི་མདུན་དུ་གྲོང་མི་ཁ་ཤས་ཉི་མ་སྲོ་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་ཇ་འཐུང་ནས་ཁ་བརྡ་གློད་པ། ཡང་ཁ་ཤས་ཁང་པའི་ནང་བརྙན་འཕྲིན་བལྟ་བཞིན་པ། སེམས་ཁྲལ་ཅི་ཡང་མེད་པའི་བྱིས་པ་རྣམས་རྩེད་འཇོར་རོལ་བཞིན་པ་བཅས་མཐོང་རྒྱུ་ཡོད།
སྨི་ངོས་གྲུ་བཅུ་ལྷག་ཙམ་ཡོད་པའི་སྟབས་བདེའི་ཁང་པའི་སྒོ་འགྲམ་གྱི་ཅོག་ཙེའི་སྟེང་ཚལ་སླང་དང་ཕོར་པ་སོགས་ཐབ་ཆས་ཆ་ཚང་ཞིང་། གཡས་ཀྱི་གྱང་ངོས་སུ་ཚོན་མདོག་རྣམ་པར་བཀྲ་བའི་བོད་བཟོའི་ཆ་སྒམ་བསྒྲིགས་པ་དེའི་སྟེང་དུ་ཇ་སྲུའི་འཕྲུལ་ཆས་བཞག་ཡོད་པ་དང་གྱང་དུ་བཙུགས་པའི་གློག་སྣེའི་བསྒར་ཁུང་ལས་ཁ་པར་ལ་གློག་གསོག་བཞིན་ཡོད། གཞོགས་གཞན་གཉིས་སུ་ཉལ་ཁྲི་གསུམ་བསྒྲིགས་པ་དེའི་སྟེང་སྲིང་བལ་གྱི་ཉལ་ཆས་གསར་རྐྱང་བརྩིགས་འདུག རྒན་རྒོན་གྱིས་ང་ཚོ་མཐོང་རྗེས་ཐུགས་རྗེ་ཆེ་ཡང་ཡང་ཞུ་བཞིན་འདུག
ཉིན་གུང་གི་མཚམས་སུ་ལོ་17ལ་སླེབས་པའི་སྐལ་བཟང་བདེ་སྐྱིད་ཀྱིས་སྟབས་བདེའི་ཁང་པ་ནས་ཆུ་ཚ་པོ་འཁྱེར་ཏེ་མདུན་གྱི་ས་སྟོང་དུ་བཞག་ནས་ཚ་མོ་ཆུང་ཆུང་མགོ་བཀྲུ་བར་འབོད། སྐལ་བཟང་བདེ་སྐྱིད་ཀྱིས“སྟབས་བདེའི་ཁང་པ་ཆེན་པོ་མེད་ཀྱང་ང་ཚོའི་ཟས་གོས་འགྲོ་སྡོད་ཚང་མར་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བཤད།
གསར་འགོད་པས་སྟབས་བདེའི་ཁང་པ་ཚང་མའི་སྒོའི་སྟེང་དུ་ཁྱིམ་བདག་གི་མིང་དང་ནང་མིའི་མི་གྲངས་སོགས་ཀྱི་གཞི་རྩའི་ཆ་འཕྲིན་བཀོད་པའི་སྦྱར་ཡིག་རེ་བཀལ་ཡོད་པ་དང་། སྟབས་བདེའི་ཁང་པ་གཉིས་གནས་སྐབས་ཏང་ཀྲི་པུའི་གཞུང་ལས་ས་ཚིགས་དང་ཉེན་དོན་ཁང་ལ་བཞག་ནས། མང་ཚོགས་ལ་དཀའ་ངལ་འཕྲད་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་བདེ་པོ་བྱས་པ་མཐོང་བྱུང་།
ས་ཡོམ་གྱིས་ཁང་པ་ལོག་ཀྱང་གནས་འདིར་དཀར་ཆ་དོད་པའི་ཁང་པ་དང་། ལྟོ་ཆས་བཟོ་སའི་ཐབ། ཆུ་གཙང་མ། དྲོ་སོབ་སོབ་ཀྱི་ཉལ་ཁྲི། གསལ་ཐིང་ཐིང་གི་གློག་སྒྲོན་སོགས་བཀོད་སྒྲིག་བྱས་ཡོད་པས་གྲོང་མི་ཚོས་སླར་ཡང“ཁྱིམ”གྱི་དྲོ་སྐྱིད་ཚོར་ཐུབ་ཡོད།
“གུང་ཁྲན་ཏང་གི་བཀའ་དྲིན་བཤད་ཀྱང་བཤད་མི་ཚར”དིང་རི་རྫོང་གྲམ་མཚོ་ཤང་དགའ་ལྡན་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ངག་དབང་དབང་མོ་དང་གཅུང་མོས་མེ་ཟོན་རོགས་སྐྱོབ་པས་ཞིག་རོའི་ཁྲོད་ནས་བཏོན་པའི་ཁྱིམ་ཆས་དག་སྟབས་བདེའི་ཁང་པའི་ནང་སྤོ་བཞིན“རྒྱལ་ཁབ་སྟོབས་ཆེན་འདི་འདྲ་ཞིག་གི་རྒྱབ་སྐྱོར་ཡོད་པས་མ་འོངས་པའི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
དངོས་ཟོག་འདང་ངེས་ཡོད་པས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ།
གསར་འགོད་པ་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་མགྲོན་དཀོན་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་སྐབས་དགུང་ཟས་ཟ་བ་དང་སྐབས་འཁེལ་བས། གྲོང་མི་20ལྷག་ཙམ་སྟབས་བདེའི་ཁང་པའི་མདུན་གྱི་ས་སྟོང་དུ་བསྡད་འདུག
ཡུན་རིང་མ་སོང་བར་ལྟོ་ཆས་བཏང་ཞིང་། གྲོང་ཚོའི་ཨ་ཅག་ཁ་ཤས་ཀྱིས་རླངས་པ་འཚུབ་འཚུབ་ཀྱི་སྔོ་ཚལ་མོག་མོག་དང་ཤ་ཁུ་སོ་སོར་བླུགས་ནས་ཚང་མར་སྤྲད།
མགྲོན་དཀོན་གྲོང་ཚོའི་བུད་མེད་ཀྲུའུ་རེན་སྒྲོལ་དཀར་གྱིས། བཀོད་སྒྲིག་བྱ་ཡུལ་དུ་རྒན་རྒོན་དང་ཕྲུ་གུ་ཅུང་མང་བར་གཞིགས་ནས། ཤང་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གི་རོགས་རམ་འོག གྲོང་ཚོའི་བུད་མེད་སྒྲིག་འཛུགས་ཀྱིས་དུས་བཀག་ལྟར་ཞག་ཚི་ཅུང་ཉུང་བའི་ཟས་རིགས་བཟོས་ཏེ་རྒན་རྒོན་དང་ཕྲུ་གུ་ཚོར་སྟེར་གྱི་ཡོད་ཅེས་ངོ་སྤྲོད་བྱས།
ལྷ་རྩེ་རྫོང་གཞིས་ཆེན་ཤང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཏེ། ཤར་ལ་སུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་བཀྲ་ཤིས་བུ་ལགས་དང་ནང་མི་ཚོ་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་འདུག བཀྲ་ཤིས་བུ་ལགས་ཀྱིས་གསར་འགོད་པར་ཇ་བསྲུབས་མ་ཚ་པོ་གང་བླུགས་ཏེ“ཇ་ཚ་པོ་གང་འཐུང་དང་དྲོ་སོབ་སོབ་ཡོང་གི་རེད”ཅེས་བཤད། སྟབས་བདེའི་ཁང་པའི་ནང་སྔོ་ཚལ་དང་། ཤིང་ཏོག ཚགས་ཤ་སོགས་ཟས་རིགས་འདང་ངེས་ཡོད་པས། ཉིན་རེའི་ལྟོ་ཐུན་གསུམ་འདང་ངེས་ཡོད།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས། བཀྲ་ཤིས་བུ་ལགས་ཀྱང་གྲོང་མི་གཞན་དག་དང་འདྲ་བར་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱེད་འགོ་བརྩམས། ལུག་མགོའི་སྤུ་སྲེག་པ་དང་། ལུག་གི་རྒྱུ་མ་རྒྱོང་བ། འཐུང་བྱ་ཉོ་བ་སོགས་ཀྱི་འཆར་གཞི་སྔ་ས་ནས་བཟོས་ཟིན། ཁོང་གིས“ཉིན་གཉིས་ཀྱི་རྗེས་སུ་ང་ཚོ་རྫོང་གྲོང་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་འགྲོ་རྩིས་ཡོད། ལོ་གསར་པར་བྱ་བ་ལམ་འགྲོ་ཡོང་བའི་རེ་བ་ཡོད”ཅེས་བཤད།
ལྷ་རྩེ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཉི་མ་འོད་ཟེར་གྱིས“གྱོན་གོས་དང་། སྲིང་བལ་གྱི་ཉལ་ཆས། བུད་ཤིང་། ལྟེབ་ཁྲི་སོགས་དངོས་རྫས་ཁག་གཅིག་ཡོངས་ཁྱབ་ངང་ཐེངས་གཅིག་བགོས་ཟིན་པ་དང་། འདིར་ཡོད་པའི་དངོས་ཟོག་དག་ཀྱང་བགོ་རྩིས་ཡོད”ཅེས་ངོ་སྤྲོད་བྱས། དངོས་ཟོག་བསྡུ་ལེན་བྱེད་པ་ནས་མང་ཚོགས་ལ་བགོས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་ཞིབ་ཚགས་བྱས་ཏེ། གོང་རིམ་སྡེ་ཚན་དང་གཅེས་སེམས་མི་སྣའི་སེམས་ཁུར་མང་ཚོགས་ཀྱི་སེམས་ལ་ཏན་ཏིག་ཚོར་བར་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་གཅིག་སེམས་གཅིག་ཏུ་འབྲེལ་བའི་སྦྲེལ་ཟམ་ཞིག་བསྐྲུན་ཡོད།
“ཁང་པའི་ནང་ནས་བྲོས་ཡོང་སྐབས་གང་ཡང་འཁྱེར་མེད་པས། ག་བྱེད་འདི་བྱེད་མེད་པར་འགྱུར་ངེས་རེད་སྙམ་བྱུང་། འོན་ཀྱང་མཁོ་ཆས་གང་དགོས་ཚང་མ་བཀོད་སྒྲིག་བྱ་ཡུལ་དུ་ཡོད་པ་ནི་བསམ་ཡུལ་ལས་འདས་སོང”ཞེས་ཆུ་ཤར་གྲོང་རྡལ་གནས་གསར་གྲོང་ཚོའི་མང་ཚོགས་ཆུང་ལགས་ཀྱིས་བཤད་པ་དང་། ཁོང་གིས། སྟབས་བདེའི་ཁང་པ་ཚང་མའི་ནང་གཏེར་ཆུ་དང་། བཟའ་བཅའ། བུད་ཤིང་སོགས་འདུག་པས་མང་ཚོགས་སྡོད་ཆོག་ཆོག་རེད་འདུག དངོས་ཟོག་འདང་ངེས་ཡོད་པས་གཞི་རྩའི་འཚོ་བར་འགན་ལེན་ཡོད་ལ། སྟབས་བདེའི་ཁང་པའི་ནང་དུའང་དྲོ་སོབ་སོབ་འདུག་པས་རང་ཉིད་ལའང་དང་ཐོག་མ་ལྟར་གྱི་དངངས་སྐྲག་དེ་འདྲ་མིན་འདུག་ཅེས་བཤད།
སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་པས་བློ་བདེ་བག་ཕེབས་ངང་དགུན་ཁ་སྐྱེལ་ཐུབ་པ།
“ཨ་ཅག སྒམ་ཆུང་ལྗང་ཁུའི་ནང་གི་སྨན་དེ་ཉིན་རེར་ཐེངས་གསུམ་དང་ཐེངས་རེར་འགྱིག་ཐུམ་རེ་ཆུ་འཁོལ་ནང་སྦངས་ནས་འཐུང་དགོས་པ་དང་། སྒམ་ཆུང་གྲུ་བཞི་ནར་མོའི་ནང་གི་སྨན་དེ་ཉིན་ལྟར་རིལ་བུ་གཉིས་ཟ་དགོས”ཞེས་བདེ་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་སྨན་བཅོས་ཁང་དུ་གྲོང་ཚོའི་སྨན་པ་ཚེ་བརྟན་སྒྲོལ་མས་གྲོང་མིར་སྨན་སྤྲོད་ཀྱིན་དེ་ལྟར་བཤད་པ་དང་། སྨན་ལེན་མཁན་གྲོང་མི་ཚོས་མགོ་ལྕོག་ལྕོག་བྱས་པ་དང་ཆབས་ཅིག་བཀའ་དྲིན་ཆེ་ཞུས་ནས་ཕྱིར་དོན།
“ཆམ་སྨན་དང་། གྲོད་སྨན། ནད་དུག་འགོག་སྨན་སོགས་རྒྱུན་དུ་སྤྱོད་གོ་ཆེ་བའི་སྨན་གྲ་སྒྲིག་འདང་ངེས་བྱས་ཡོད་པ་མ་ཟད། ད་དུང་དམིགས་བསལ་གྱི་ནད་པ་ཁ་ཤས་ལ་མཁོ་བའི་སྨན་ཡང་ཉིན་དེ་དག་རིང་ཁ་གསབ་འདང་ངེས་བྱས་ཡོད”ཚེ་བརྟན་སྒྲོལ་མས། སྨན་པ་རྣམས་ཀྱིས་ཉིན་ལྟར་བཀོད་སྒྲིག་བྱ་ཡུལ་གྱི་ཁོར་ཡུག་ལ་དུག་སེལ་བྱེད་པ་མ་ཟད། ད་དུང་དུས་བཀག་ལྟར་རྒན་རྒོན་ཚོའི་ཁྲག་ཤེད་བལྟས་ནས་མང་ཚོགས་ཀྱི་གཟུགས་པོའི་གནས་ཚུལ་འཕྲལ་མར་ཤེས་རྟོགས་དང་ནད་གཞི་ཕོག་རིགས་དུས་ཐོག་ཏུ་སྨན་བཅོས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི“བྱིས་པའི་སློབ་ཁང”དུའང་སློབ་ཚན་ཁྲིད་འགོ་ཚུགས་ཤིང་། ཕྲུ་གུ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་རི་མོ་འབྲི་བ་དང་བྱེ་རྩེད་རྩེ་བཞིན་འདུག “ང་རང་དགའ་ཤོས་བྱིས་པའི་སློབ་ཁང་ཡིན། གང་ལགས་ཤེ་ན། དེ་གར་རི་མོ་འབྲི་ཆོག་པ་མ་ཟད་ད་དུང་གློག་བརྙན་ཡང་ལྟ་ཆོག་གི་ཡོད”ཅེས་ལོ་9ལ་སླེབས་པའི་བུ་མོ་བསྟན་འཛིན་བུ་ཁྲིད་ཀྱིས་ལག་ཏུ་རང་ཉིད་ཀྱི་དགེ་རྒན་ཚེ་སྒྲོན་གྱིས་བྱ་དགར་སྤྲད་པའི་ཏན་ཞིམ་བཟུང་ཞིང་ངོ་ཚ་སྨིན་པོས་དེ་ལྟར་བཤད།
“འབར་སླ་བའི་དངོས་པོ་ཐབ་ཀྱི་སྟེང་དུ་མ་འཇོག གྱོན་ཆས་དང་ཕོ་ཁེབས་སོགས་ཀྱང་ཐབ་ཀྱི་འགྲམ་དུ་འཇོག་མི་རུང་། མ་གཞི་གནམ་གཤིས་གྲང་རུང་ཁང་པའི་ནང་རླུང་འགྲོ་ཡག་པོ་ཡོང་བར་བྱེད་དགོས” ལྷ་རྩེ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཁྲིམས་སྒྱུར་མི་སྣ་ཆུ་ཤར་གྲོང་རྡལ་གནས་གསར་གྲོང་ཚོའི་སྟབས་བདེའི་ཁང་པ་བཀོད་སྒྲིག་བྱ་ཡུལ་རེ་རེ་བཞིན་དུ་མེ་ཟོན་ཞིབ་བཤེར་བྱེད་པར་ཡོང་ནས་མང་ཚོགས་ལ་འབྲེལ་ཡོད་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
“མི་ཤི་སྐྱོན་ཆག་མ་བྱུང་ན་ཕྱིས་འབྱུང་སྣང་དག་ཡོང་གི་མ་རེད”ཅེས་པ་འདི་ནི་གསར་འགོད་པས་འཐབ་ས་དང་པོའི་གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་བྱེད་སྐབས་ཐོས་མང་ཤོས་ཀྱི་སྐད་ཆ་ཞིག་རེད།