2024ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།
ཀྲུང་གོའི་གཙོ་བདག་ཕྱི་འབྲེལ་གྱིས་བརྗིད་ཉམས་ཆེ་བའི་ལེའུ་གསར་བརྩམས་པ།
ལོ་གཅིག་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དང་། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་བཅས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་ཆེ་གྲས་གསུམ་ལ་ཞུགས་པ་དང་། ཡོ་རོབ་དང་། ཨེ་ཤེ་ཡ་དབུས་མ། འབོ་གསེར། ལ་ཏིང་མེ་གླིང་བཅས་ལ་འཚམས་འདྲི་གལ་ཆེན་ཐེངས་བཞི་གནང་བ། ཕྱོགས་མང་དབུ་ཚོགས་རབ་དང་རིམ་པའི་ནང་ཞུགས་ཏེ་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་དེ་བཞིན་སྲིད་ཕྱོགས་མི་སྣ་གལ་ཆེན་དང་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་གནང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕྱོགས་ཏེ་མཛའ་མཐུན་གྱིས་ལས་དོན་སྤེལ་གནང་ཡོད། 2024ལོའི་ཟླ་9ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་གཙོ་དོན་གསུང་བཤད་ཀྱང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་དང་ལྷན་དུ་ཚོགས་རར་ཕེབས་བཞིན་པ།
“འབོ་གསེར་ཆེན་པོའི་མཉམ་ལས”ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་པ།
2024ལོའི་ཟླ་10ཚེས་22ཉིན་ནས་ཚེས་24ཉིན་བར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ཨུ་རུ་སུར་འཚོགས་པ་དེ་ཐོག་ནས“འབོ་གསེར་ཆེན་པོའི་མཉམ་ལས”འགོ་ཚུགས་པ་མཚོན་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན། ས་གནས་དེ་གའི་དུས་ཚོད་2024ལོའི་ཟླ་10ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁཱ་ཧྲན་འགྲེམས་ཚོགས་ལྟེ་གནས་སུ“འབོ་གསེར་+”ཀྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་པ་མ་ཟད། འགོ་བརྗོད་དུ《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད། འདི་ནི་གླེང་མོལ་ཚོགས་འདུར་ཞུགས་པའི་འབོ་གསེར་རྒྱལ་ཁབ་དང་དེ་བཞིན་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་འཐུས་མི་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་མཉམ་པར་རྒྱག་བཞིན་པ།
ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་ཆབ་སྲིད་ཀྱི་དུས་བབ་ལ་འགྱུར་ལྡོག་བྱུང་བ།
2024ལོའི་ཟླ་བ་6པར་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱི་འདེམས་བསྐོ་བྱེད་སྐབས། གཡས་རུ་པ་དང་གཡས་རུ་གཡས་ནག་པའི་སྲིད་ཏང་གི་གདན་ཐོབ་མང་དུ་ཕྱིན་པ་དང་། གཡས་རུ་གཡས་ནག་པའི་སྟོབས་ཤུགས་ཀྱིས་དམངས་ཚོགས་ཚོས་དཔལ་འབྱོར་དང་། དམངས་འཚོ། མི་སེར་གནས་སྤོ་སོགས་ཀྱི་གནད་དོན་ལ་ཡིད་མ་རངས་པར་བརྟེན་པས་སྔར་བས་སྟོབས་ཆེར་ཕྱིན་ཡོད། ཕྱི་ནང་གི་གནོན་ཤུགས་འོག་ཡོ་རོབ་རྒྱལ་ཁབ་མང་པོའི་ཆབ་སྲིད་ཀྱི་དུས་བབ་ལ་འགྱུར་ལྡོག་བྱུང་བ་སྟེ། ཧྥ་རན་སེས་ལོ་འདིའི་ནང་ཙུང་ལི་གསུམ་བརྗེས་པ་དང་། དབྱིན་ཇིའི་རྙིང་ཞེན་ཏང་དབྱི་ཧུའེ་གྲོས་ཚོགས་ཀྱི་འདེམས་བསྐོའི་ཁྲོད་ཕམ་པ། བཟོ་པའི་ཏང་གིས་ལོ་14སོང་རྗེས་སླར་ཡང་སྲིད་འཛིན། འཇར་མན་གྱི་སྲིད་འཛིན་མནའ་འབྲེལ་ཐོར་ཞིག་ཏུ་སོང་རྗེས་ཙུང་ལི་ཧྲོར་ཚེ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཡིད་ཆེས་འདེམས་ཤོག་གི་ཚད་གཞི་ལོན་མེད་པ་རེད། འདི་ནི་2024ལོའི་ཟླ་6ཚེས་10ཉིན་པེར་ཀྲེམ་གྱི་པུ་རུ་སེར་གྱི་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ནས་པར་བརྒྱབ་པའི་འདེམས་བསྐོའི་སྐབས་འཕྲལ་གྱི་མཇུག་འབྲས་ཡིན་པ།
ཡུག་རེན་གྱི་ཉམས་ཉེན་ནར་འགྱངས་ཕྱིན་པས་ཨུ་རུ་སུ་དང་ནུབ་ཕྱོགས་དབར་གྱི་གདོང་ཐུག་ཛ་དྲག་ཏུ་སོང་བ།
2024ལོའི་ཟླ་11ཚེས་19ཉིན། ཡུག་རེན་གྱིས་ཨ་རིས་བཟོས་པའི་འཕུར་མདེལ་ཐེངས་དང་པོར་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་ཀྱི་དམིགས་འབེན་གཙོ་བོར་འཇབ་རྒོལ་བྱས་པ་རེད། ཉིན་དེར་ཨུ་རུ་སུས་ཉིང་རྡུལ་འཇིགས་སྐུལ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་གསར་བརྗེས་བྱས་ནས་ནུབ་ཕྱོགས་ལ་ཐ་ཚིག་གསལ་པོ་བསྒྲགས་པ་རེད། ལོ་གཅིག་རིང་ཡུག་རེན་དམག་དཔུང་གིས་ཨུ་རུ་སུར་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ཤར་ཕྱོགས་སུ་དཔུང་སྐྱོད་བྱས་པ་རེད། བྱང་ཆིངས་ཀྱིས་འཇམ་འཐབ་མཇུག་འགྲིལ་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དམག་སྦྱོང་བྱས་པ་དང་འབྲེལ་སུའེ་ཏེན་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་བྱང་ཆིངས་མནའ་འབྲེལ་རྒྱ་སྐྱེད་ལེགས་གྲུབ་བྱུང་བ་རེད། ཨུ་རུ་སུ་དང་བྱང་ཆིངས་དབར་གྱི་འགལ་བ་དེ་བས་ཛ་དྲག་ཏུ་ཕྱིན་ཡོད། འདི་ནི་2024ལོའི་ཟླ་9ཚེས་10ཉིན་ཨུ་རུ་སུའི་མོ་སི་ཁོ་ཀྲོའུ་ལཱ་མན་སི་ཁོ་ཡེ་ནས་པར་བརྒྱབ་པའི་མི་མེད་གནམ་གྲུའི་འཇབ་རྒོལ་ཁྲོད་གཏོར་སྐྱོན་ཕོག་པའི་ཁང་པ་ཡིན་པ།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་སྐྱེད་ཀ་དམའ་རུ་བཏང་ནས་ལྷུག་གཏོང་གི་དུས་འཁོར་གསར་པ་འགོ་བཙུགས་པ།
2024ལོའི་ཟླ་9ཚེས་18ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་སྐྱེད་ཀའི་གཞི་ཐིག་50དམའ་རུ་བཏང་ནས། ལྷུག་གཏོང་གི་དུས་འཁོར་གསར་པ་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་ཟླ་བ་11དང་ཟླ་བ་12སོ་སོར་སྐྱེད་ཀའི་གཞི་ཐིག་25དམའ་རུ་བཏང་ཡོད་པ་རེད། ཡོ་རོབ་ལྟེ་བའི་དངུལ་ཁང་སོགས་དངུལ་ཁང་གཙོ་བོ་ཁག་གིས་དེ་དང་ཆབས་ཅིག་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་བྱས་ཡོད། འདི་ནི་2024ལོའི་ཟླ་9ཚེས་18ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་པའོ་ཝེ་ཨེར་ཝ་ཧྲེང་ཐོན་གྲོང་ཁྱེར་དུ་གསར་འགོད་པའི་ཚོགས་འདུར་ཞུགས་བཞིན་པ།
ཟླ་བའི་ལྷ་མོ་ཨང་དྲུག་པས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ཐོག་མར་བླངས་ཏེ་ཕྱིར་ལོག་པ།
2024ལོའི་ཟླ་5ཚེས་3ཉིན་ནས་ཟླ་6ཚེས་25ཉིན་བར། ཟླ་བའི་ལྷ་མོ་ཨང་དྲུག་པས་ཉིན་53རིང་བར་སྣང་ཁམས་སུ་ཚན་ཞིབ་བྱས་ཏེ་འཛམ་གླིང་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ཐོག་མར་བླངས་ཏེ་ཕྱིར་ལོག་པ་དེས་མིའི་རིགས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ས་གཤིས་ལ་ངོས་འཛིན་བྱེད་པའི་སྟོང་ཆ་བསྐངས་ཡོད། ཟླ་12ཚེས་17ཉིན་ལྷ་གྲུ་ཨང་བཅུ་དགུ་པའི་ཚོ་ཆུང་གིས་ཆུ་ཚོད་དགུ་ཡི་ནང་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པས་ཐེངས་གཅིག་ལ་གྲུ་ཚང་ནས་ཕྱིར་དོན་ཏེ་བྱེད་སྒོ་སྤེལ་བའི་དུས་ཡུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོའི་ཟླ་6ཚེས་4ཉིན་གྱི་ཆུ་ཚོད་7དང་སྐར་མ་38ལ་ཟླ་བའི་ལྷ་མོ་ཨང་དྲུག་པའི་འདེགས་ཆས་ཀྱིས་ཟླ་བའི་གོ་ལའི་མ་དཔེ་ཁྱེར་ཏེ་ཟླ་བའི་གོ་ལའི་རྒྱབ་ངོས་ནས་འཕུར་རྗེས་སྔོན་གཏན་འཁེལ་བའི་ཟླ་སྐོར་འཁོར་ལམ་དུ་བདེ་བླག་ངང་འཛུལ་ཡོད།
ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ལས་ས་ཁུལ་གྱི་ཛ་དྲག་དུས་བབ་ཚབས་ཆེ་རུ་ཕྱིན་པ།
2024ལོའི་ཟླ་12ཚེས་16ཉིན་བར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བས་ཕ་ལེ་སི་ཐན་གྱི་མི་ཁྲི་4.5ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་10ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གདོང་ཐུག་ཐོན་ནས་ཟླ་བ་14སོང་ཚུན། ཅ་ཧྲ་ལ་འབར་མདེལ་གཡུགས་ནས་ཞིག་རོར་གྱུར་པ་དང་གྲོང་མི་ཁྲི་200བཀག་སྡོམ་དང་དམག་འཁྲུག་གི་མུ་གེའི་ཁྲོད་ལུས་ནས་མི་ཆོས་རིང་ལུགས་ཀྱི་མཐའ་ཚད་ལས་ཡང་ཡང་བརྒལ་ཡོད་པ་རེད། འདི་ནི་2024ལོའི་ཟླ་12ཚེས་23ཉིན་ཕ་ལེ་སི་ཐན་གྱི་བྱིས་པས་ཅ་ཧྲ་གྲོང་དུ་བཟའ་བཅའ་ལེན་བཞིན་པ།
མི་ཐབས་རིག་ནུས་ཁྱབ་ཁོངས་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཚ་རླབས་འཕྱུར་བ།
2024ལོའི་ཟླ་10ཚེས་8དང་9ཉིན། 2024ལོའི་ནོ་པེར་དངོས་ཁམས་རིག་པའི་བྱ་དགའ་དང་རྫས་འགྱུར་རིག་པའི་བྱ་དགའ་སྔ་རྗེས་སུ་ཡོངས་བསྒྲགས་བྱས་པ་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་ཆོད་ལ་གྲོས་མོལ་བྱས་ནས་གྲོས་འཆམ་ཡོང་བར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། འདི་ནི་2024ལོའི་ཟླ་2ཚེས་26ཉིན། སི་ཕེན་གྱི་གྲོང་ཁྱེར་པ་སའེ་ལུའོ་ན་རུ་གཉེར་བའི་2024ལོའི་འཛམ་གླིང་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་ཐོག་མི་རྣམས་ཀྱིས་ཁྲོན་དབྱིན་ཀུང་སིའི་TECNOའགྲེམས་སྟེགས་ལ་ལྟ་སྐོར་བྱེད་བཞིན་པ།
དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལེགས་གྲུབ་བྱུང་ནས་ཀྲུང་གོའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མངོན་པ།
2024ལོའི་ཟླ་12ཚེས་4ཉིན། “དཔྱིད་གསར་དུས་ཆེན། ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་པ་རེད། ཀྲུང་གོའི་རིག་གནས་ཀྱི་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་འཛམ་གླིང་ཐོག་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ཡོད། 2024ལོའི་ཟླ་12ཚེས་4ཉིན། ཕ་རུ་ཀུའེ་ཡི་ཨེ་སུན་སིན་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་སྐབས་19པའི་རྒྱུན་ལས་ཚོགས་འདུའི་ཞིབ་དཔྱད་བྱ་ཡུལ་དུ་བརྙན་ཤེལ་ཆེན་པོའི་ཐོག་དཔྱིད་གསར་དུས་ཆེན་དྲིལ་བསྒྲགས་ཀྱི་བརྙན་ལམ་སྟོན་བཞིན་པ།
སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་སྟོབས་ཤུགས་ཀྱིས་པཱ་ཧྲར་སྲིད་གཞུང་མགོ་རྟིང་བསློགས་པ།
2024ལོའི་ཟླ་12ཚེས་8ཉིན། “སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་སྟོབས་ཤུགས”སོགས་དྲག་ཆས་རྩ་འཛུགས་ཀྱིས་མྱུར་རྒོལ་ཐོག་ནས་རྒྱལ་ས་ཏ་མ་སི་ཁུ་བཙན་བཟུང་བྱས་ཏེ། པཱ་ཧྲར·ཨ་ས་ཏེས་འགོ་ཁྲིད་བྱས་པའི་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསློགས་པས་ལོ་13རྒྱུན་མཐུད་པའི་སི་རི་ཡའི་ནང་འཁྲུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། དབྱི་སི་རལ་གྱིས་འཕྲལ་མར་ཀེ་ལན་མཐོ་སའི་སི་རི་ཡའི་ཚོད་འཛིན་ཁུལ་བཙན་བཟུང་བྱས་ནས་སི་རི་ཡའི་དམག་དོན་དམིགས་འབེན་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་རེད། འདི་ནི་2024ལོའི་ཟླ་12ཚེས་8ཉིན། སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་པར་བླངས་པའི་འབར་གས་བྱས་རྗེས་དུ་ནག་ལང་ལོང་དུ་འཕྱུར་བཞིན་པ།