སློབ་གསོ་པུས《སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ལས་དོན་གྱི་ཕྱོགས་སྟོན》བཀྲམ་པ།
ཉེ་ཆར། སློབ་གསོ་པུའུ་གཞུང་དོན་ཐིང་གིས《སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ལས་དོན་གྱི་ཕྱོགས་སྟོན》(གཤམ་དུ《ཕྱོགས་སྟོན》ཞེས་བསྡུ་རྒྱུ)བཀྲམ་ནས་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་གཙོ་གནད་ལས་དོན་ལ་དམིགས་ཏེ། ལག་བསྟར་བྱ་ཐབས་ཞིབ་ཕྲ་མཁོ་འདོན་བྱས་པ་དང་བསམ་འཆར་དང་གྲོས་འགོ་ཁ་གསལ་བཏོན་ཡོད། སློབ་གསོའི་སྲིད་འཛིན་སྡེ་ཚན་དང་། སློབ་གྲྭ ཚན་རིག་རིགས་ཀྱི་སློབ་ཚན་གྱི་དགེ་རྒན་སོགས་བྱེད་པོ་མི་འདྲ་བར་གཞིགས་ནས་སོ་སོར་ལས་ཀའི་ནང་དོན་ཁ་གསལ་བཟོས་ཡོད།
《ཕྱོགས་སྟོན》ནང་། སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གཙོ་བོ་དགེ་རྒན་བཀོད་སྒྲིག་དང་། ཐོན་ཁུངས་བསྡུ་སྒྲིལ། གདེང་འཇོག་སྒྱུར་བཅོས། རིག་ནུས་ནུས་སྤྲོད་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ། ཚན་རིག་རིགས་ཀྱི་སློབ་ཚན་གྱི་དགེ་རྒན་ཆ་ཚང་པོ་དང་ཡག་པོ་བཀོད་སྒྲིག་བྱེད་པ་དང་། ཚན་རིག་སློབ་སྤྱི་གཞོན་པ་བཀོད་སྒྲིག་ཧྲག་པོ་བྱེད་པ། ཚན་རིག་རིགས་ཀྱི་སློབ་ཚན་གྱི་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་ཡག་པོ་བྱེད་པ། ས་ཁོངས་ཚན་རིག་སློབ་གསོའི་ལྟེ་གནས་འཛུགས་སྐྲུན་ལ་འཚོལ་ཞིབ་བྱེད་པ། ཚན་རིག་སློབ་གསོའི་ཐོན་ཁུངས་སྦྲེལ་མཐུད་དང་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་སྤྱད་དེ་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ལས་དོན་ལ་ཚད་བརྒལ་ཡོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
དེའི་ཁྲོད་ཚན་རིག་རིགས་ཀྱི་སློབ་ཚན་གྱི་དགེ་རྒན་ཆ་ཚང་པོ་དང་ཡག་པོ་བཀོད་སྒྲིག་བྱེད་པའི་ཐད། 《ཕྱོགས་སྟོན》ནང་སློབ་ཆུང་ཚང་མར་ཉུང་མཐར་ཡང་རང་བྱུང་བཟོ་སྐྲུན་རིག་པའི་རིགས་ཀྱི་རྒྱབ་ལྗོངས་དང་རབ་འབྱམས་པའི་སློབ་གནས་ལྡན་པའི་ཚན་རིག་དགེ་རྒན་1ཡོད་པ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་ཚན་རིག་གི་སློབ་སྤྱི་གཞོན་པ་བཀོད་སྒྲིག་ཧྲག་པོ་བྱེད་པའི་ཐད། སློབ་གྲྭ་ཚང་མར་ཉུང་མཐར་ཡང་ཚན་རིག་གི་སློབ་སྤྱི་གཞོན་པ་1ཡོད་པར་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།