ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་མཐུད་དུས་རབས་ཀྱི་མདུན་གྲལ་དུ་བསླེབ་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཕན་ཚུན་ལྟ་སྐྱོང་དང་ལས་དབང་གཅིག་ཏུ་སྦྲེལ་བའི་གྲོགས་པོ་བློས་ཐུབ་ཡིན་ལ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”ཁོངས་མི་ཡང་ཡིན། ཀྲུང་གོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་དུ་འཛུགས་མཁན་ཁོངས་མིའི་རྒྱལ་ཁབ་ཡིན། ཁམ་ཕུ་ཁྲེ་2015ལོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གླེང་མོལ་རོགས་ཟླར་གྱུར་ཡོད། ཕྱོགས་གཉིས་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་འཁྱོངས་དང“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས། རོགས་ཟླ་གཞན་དག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
2024ལོའི་ཟླ་12ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བར་ཕེབས་མཁན་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཕན་ཚུན་ལག་གདང་སྦྲེལ་ནས་སྤུས་ཚད་དང་། ཆུ་ཚད། ཚད་གཞི་བཅས་མཐོ་བའི་དུས་རབས་གསར་པའི་ཀྲུང་ཁམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཆོད་སེམས་བརྟན་པོ་བསྐྱར་བསྒྲགས་བྱས་པ་དེ་ལས། འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཧུར་ཐག་བྱེད་པའི་ཐུན་མོང་གི་རེ་འདུན་ཡང་གསལ་པོར་མཚོན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་ཀྲུང་ཁམ་དབར་གྱི་མཐུན་སྦྱོར་མཉམ་ལས་དམ་ཟབ་ནི་གོང་དུ་བཤད་པའི་ཐུན་མོང་ངོས་འཛིན་དག་གི་གསོན་ཉམས་ལྡན་པའི་མཚོན་ཚུལ་རེད།
ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་ལམ་རོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་2024ལོ་དང་2025ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བྱས་ནས་ཁམ་ཕུ་ཁྲེ་སོགས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”ཁོངས་མི་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དུས་མཚམས་རྗེས་མའི་འཕེལ་རྒྱས་འཐབ་ཇུས་ཡག་པོ་བཟོ་རྒྱུ་མ་ཟད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཐུན་མོང་གི་སྐད་སྒྲ་གྲགས་ནས། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཐུན་མོང་ཐོག་སྲུང་སྐྱོང་དང་ཐོབ་པར་དཀའ་བའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་ལག་ལེན་པ་ཞིག་ཡིན། རྒྱལ་ཁབ་གཉིས་པོས་ལས་དབང་གཅིག་མཐུན་ཚོགས་པའི་བྱ་སྤྱོད་འཆར་གཞི་གསར་པ་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཁམ་ཕུ་ཁྲེའི“ཟུར་ལྔའི་འཐབ་ཇུས”སྤུས་ཚད་མཐོ་པོས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བས་མཉམ་ལས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི“རྡོ་རྗེ་ཕ་ལམ་ཕྱོགས་དྲུག”གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་བ་དང་། “བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”དང“ཉ་དང་འབྲུ་རིཌ་ཀྱི་བར་ཁྱམས”འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་མ་ཐེབས་པ། གཙོ་གནད་མཉམ་ལས་རྣམ་གྲངས་རྒྱུན་མཐུད་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོབ་པ། དབུལ་པོ་ཉུང་གཏོང་དང་། ཞིང་ལས། འབྲུ་རིགས་བདེ་འཇགས། སྤྱི་པའི་འཕྲོད་བསྟེན། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད།
ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་མཁན་གྱི་སྔོན་སྐྱོད་པ་ཞིག་ཡིན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕྱོགས་གཉིས་པོས་ལས་དབང་གཅིག་མཐུན་ཚོགས་པའི་བྱ་སྤྱོད་འཆར་གཞིར་སྔོན་ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་ཆེ་ཆུང་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ས་ཁུལ་དང་རྒྱལ་ཁབ་དབར་ཕན་ཚུན་ལྟ་སྐྱོང་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གཉིས་ཁེ་གཉིས་ཕན་བཅས་ཀྱི་དཔེ་མཚོན་བཏོད་དེ། འབྲེལ་བ་དེ་བས་ཟབ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྦྱིན་པ་མ་ཟད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་དཔེ་སྟོན་གྱི་ནུས་པའང་བཏོན་ཡོད།
ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབྲེལ་བ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གྱི་བྱེད་སྒོར་གཏིང་ཟབ་ཞུགས་ཏེ་ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ཐེངས་མང་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་སོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རོགས་ཟླ་དང་མཉམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། ལག་གདང་སྦྲེལ་ནས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”རྒྱང་ལམ་གསར་པ་གཏོད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་མཐུད་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་འདོད་ཡོད།
(རྩོམ་པ་པོ་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ)