དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཨ་མ་ལགས་གཟུགས་པོ་ཐང་པོ་བྱུང་ན་ངའི་ལས་ཀ་བྱེད་སེམས་ཆེ་རུ་འགྲོ་གི་འདུག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་དང་ཚའོ་ཅི་ཝེ།   |     སྤེལ་དུས།  2025-01-25

    “ཞའོ་ཀྲང་ལགས། ངའི་བསྐུར་མ་འདི་ཕར་སློག་མཁན་ཡིན་པས་རོགས་པ་ཞིག་བྱས་ན་འགྲིག་གམ”ཞེས་ཁ་པར་ནང་གི་སྐད་ཆ་ཐོས་འཕྲལ་ཀྲང་གོ་ཁུའེ་ཡིས་ལམ་སེང་དེ་ནི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ལན་ཆིང་ཁུལ་ཆུང་གི་རྨོ་བོ་ལིའུ་ལགས་ཡིན་པ་ཤེས་ནས“རྨོ་བོ་ལིའུ་ལགས། ང་སྐར་མ་ལྔའི་ནང་སླེབས་ཡོང”ཞེས་བཤད།

    ཀྲང་གོ་ཁུའེ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཅིང་ཏུང་ཟོག་འགྲེམས་ཀྱི་མྱུར་སྐྱེལ་བ་ཞིག་ཡིན་ཞིང་། ཕ་ཡུལ་ཧོ་ནན་ནན་དབྱང་ནས་ཟི་ལིང་དུ་ཡོང་སྟེ་མྱུར་སྐྱེལ་བ་བྱས་ནས་ལོ་6ཕྱིན་ཡོད། ཉེ་བའི་ལོ་ལྔའི་ནང་ལན་ཆིང་ཁུལ་ཆུང་གི་མཐའ་འཁོར་དུ་མྱུར་སྐྱེལ་བསྐྱལ་བས། ཉེ་འགྲམ་གྱི་མི་མང་པོས་ཁོང་ངོ་ཤེས་ཀྱི་ཡོད། “རྨོ་བོ་ལིའུ་ལགས་ནམ་རྒྱུན་གཅིག་པུར་སྡོད་ཀྱི་ཡོད་པས་མྱུར་སྐྱེལ་བསྐུར་ལེན་བྱེད་བདེ་པོ་མེད། ངས་ཁོང་ལ་ངའི་ཁ་པར་ཨང་གྲངས་བཞག་ནས་རོགས་པ་དགོས་དུས་སྒོ་རྩར་འགྲོ་གི་ཡོད”ཅེས་ཀྲང་གོ་ཁུའེ་ཡིས་བཤད།

    ཕར་ཚུར་ཐེངས་མང་ཕྱིན་པས་ཀྲང་གོ་ཁུའེ་ཡིས་ཉེ་འཁོར་གྱི་གྲོང་མིར་རྒྱུས་མངའ་ཆེ་བ་དང་། ཁྱིམ་ཚང་སུའི་རྒན་རྒོན་རྐང་པ་ཐང་པོ་མེད་པ་དང་། ཁྱིམ་ཚང་སུའི་རྒན་རྒོན་ནམ་རྒྱུན་གཅིག་པུར་སྡོད་པ་སོགས་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན། ཀྲང་གོ་ཁུའེ་ཡིས་སྡེ་ཁུལ་དེས“མྱུར་སྐྱེལ་དང་བླངས་ཞབས་ཞུའི་རུ་ཁག”འཛུགས་རྒྱུ་ཡིན་པ་ཤེས་འཕྲལ་མིང་ཐོ་བཀོད་པ་རེད།

    རྟག་ཏུ་སྡེ་ཁུལ་དེའི་རྒན་རྒོན་ཚོ་དང་འབྲེལ་འདྲིས་བྱེད་ཀྱི་ཡོད་པས་ཀྲང་གོ་ཁུའེ་ཡིས་རྒྱང་རིང་གི་ཕ་ཡུལ་དུ་ཡོད་པའི་རང་ཉིད་ཀྱི་ཨ་མ་དྲན། ཀྲང་གོ་ཁུའེ་ཡིས“ངའི་ཨ་མ་ད་ལོ་ལོ་75རེད། གཟུགས་པོ་དེ་ཙམ་ཐང་པོ་མེད། རྟག་པར་ཁྲག་ཤེད་གཅོག་པའི་སྨན་ཟ་དགོས”ངས་ཨ་མར་བལྟ་བར་མ་ཕྱིན་པར་ལོ་གཅིག་ལྷག་ཙམ་ཕྱིན་སོང་། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་ཕ་ཡུལ་དུ་ལོག་ནས་ནང་མི་ལྷན་འཛོམས་ཀྱི་ལོ་གསར་ཞིག་གཏིང་རྩིས་ཡོད་ཅེས་བཤད།

    ཁོང་གིས་དེ་ལྟར་ཤོད་ཞོར་དུ་རིག་ནུས་ལག་དཀྲིས་བླུགས་པའི་སྒམ་ཆུང་ཞིག་བཏོན་ནས“འདིས་ཁྲག་ནང་གསོ་རླུང་འདུས་ཚད་དང་། གོམ་གྲངས། སྙིང་འཕར་ཚད། གཉིད་ཡག་པོ་ཁུག་མིན་བཅས་ལྟ་ཐུབ། ད་དུང་ལག་ཐོགས་ཁ་པར་དང་སྦྲེལ་ཚེ་ངས་ཐག་རིང་ནས་ཨ་མའི་གཟུགས་པོའི་གནས་ཚུལ་ཤེས་ཐུབ” “ཨ་མ་ལགས་གཟུགས་པོ་ཐང་པོ་བྱུང་ན་ང་ལ་ལས་ཀའི་སེམས་ཤུགས་དེ་བས་ཆེ་བ་འདུག”ཅེས་བཤད།

    “ཁྱེད་ལ་བསྐུར་དངོས་ལེན་དགོས་པའི་ལས་འགན་གསར་པ་ཞིག་འདུག དུས་ཐོག་ཏུ་ལེན་རོགས”ཞེས་ཁ་པར་ནས་སྐད་བརྒྱབ་འཕྲལ་ཀྲང་གོ་ཁུའེ་གློག་འཁོར་བཞོན་ནས་བསྐྱོད། གློག་འཁོར་དམར་པོ་དེའི་ཐོག་ལོ་གསར་གྱི་མཁོ་ཆས་མང་པོ་བླུགས་ཡོད་ལ་ལོ་གསར་པར་བཅངས་པའི་ཀྲང་གོ་ཁུའེ་ཡི་རེ་སྒུག་ཀྱང་བླུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།