ཀུན་སེམས་གཅིག་སྒྲིལ་གྱིས་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་དཔེ་མཚོན་བཏོད་པ།
བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྒྲིལ་གླེང་དང་པོ།
འདི་ནི་ས་ཡོམ་བརྒྱབ་རྗེས་ཀྱི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ་ཡིན་པ། (ཟླ་1ཚེས་11ཉིན་མི་མེད་གནམ་གྲུས་བརྒྱབ་པའི་པར་ཡིན་པ)
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་གཞིས་རྩེའི་དིང་རིར་སྐད་ཅིག་ཉིད་ལ་ས་གཞི་གཡོ་ཞིང་རི་བོ་འགུལ་ནས་ཞོགས་པའི་ལྷིང་འཇགས་ཀྱི་རྣམ་པ་ཡོངས་སུ་འཁྲུག
ས་ཡོམ་རིམ་པ་6.8བརྒྱབ་པ།
སྐད་ཅིག་ཉིད་ལ་ཁང་པ་ལོག་པ་དང་ས་གས་ནས་མང་ཚོགས་ལ་ལའི་གཉེན་ཉེ་གྲོངས་པ་དང་། ལ་ལའི་སྡོད་ཁང་ལོག་པ། ལ་ལའི་ནོར་ལུག་ཤི་བ་ལ་སོགས་ཀྱི་རྐྱེན་ངན་བར་ཆད་འཕྲད།
རྒྱལ་ཁབ་ཀྱིས་ས་ཡོམ་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་།
བོད་ཀྱིས་ས་ཡོམ་གྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཡོད།
གནོད་འཚེ་ནི་བཀའ་རྒྱ་དང་། མི་དམངས་ཀྱི་ཚེ་སྲོག་གོང་དུ་བཀུར་དགོས་པ། ཛ་དྲག་ངང་རོགས་སྐྱོབ་བྱེད་པ་ལ་སོགས་བཀོད་འདོམས་པུའུ་ནས་བཀའ་རྒྱ་རེ་རེ་བཞིན་བཏང་མ་ཐག་འཐབ་ས་དང་པོར་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད།
དེ་ནི་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་འཆི་གསོན་ལ་ཐུག་པའི་དམག་འཐབ་ཅིག་རེད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱ་སྤྱོད་འཕྲལ་མར་སྤེལ་བ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཐོག་སྒྲིག་ཆས་སྣ་ཚོགས་སྤྱད་དེ་འཚོལ་སྐྱོབ་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཀུན་སེམས་གཅིག་ཏུ་སྒྲིལ་བ། རྒྱལ་ཡོངས་ས་གནས་ཁག་གི་མི་དམངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱབ་སྐྱོར་བཅས་བྱས་པས། ཡོམ་འགོག་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཆ་སྙོམས་ས་བབ་སྨི་4500ཟིན་པའི་དིང་རིར་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་དཔེ་མཚོན་བཏོད་པ་དེ་ཐོག་ནས་ཧང་སངས་དགོས་པའི་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་སྟོབས་ཤུགས་མངོན་པ་རེད།
བྱ་སྤྱོད་མྱུར་དུ་སྤེལ་ནས་ཚེ་སྲོག་མྱུར་སྐྱོབ་ལ་དུས་ཚོད་ཡག་ཤོས་བརྩོན་ལེན་བྱས་པ།
དགུན་ཀྱི་གྲང་ངད་ལྡང་བའི་དིང་རིའི་གེགས་ཁུལ་དུ་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་བཅུ་དྲུག་བཅུ་བདུན་ཙམ་དུ་སླེབས་པ་དང་། གསོ་རླུང་དཀོན་པ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཡོད་པས་འཕྲལ་མར་རོགས་སྐྱོབ་མེད་ཚེ་ཉེན་གྱར་ཚེ་སྲོག་ལ་དེ་བས་ཉེན་ཁ་ཆེ།
མི་དམངས་དང་ཚེ་སྲོག་གོང་དུ་བཀུར་ནས་རོགས་སྐྱོབ་ཀྱི་ལས་དོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་།
ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་འཕྲལ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་སྟེ“ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། མི་སྣ་འཆི་རྨས་ཉུང་དུ་གཏོང་གང་ཐུབ། ཞོར་སྐྱོན་གནོད་འཚེ་མི་ཐོན་པ། གེགས་ཁུལ་མང་ཚོགས་བཀོད་སྒྲིག་འོས་འཚམ། རྗེས་མཇུག་ལས་དོན་ཡག་པོ་སྤེལ་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཡོམ་ཚུལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་སེལ་རོགས་སྐྱོབ་ཀྱི་དངོས་རྫས་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པ་དང་། དུས་ཚོད་དམ་འཛིན་གྱིས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་གསུངས་པ་རེད།
ཙུང་ལི་ལི་ཆང་གིས་མཛུབ་སྟོན་གནང་ནས“ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་སྒྲིག་འཛུག་བྱེད་དགོས”པ་དང་“ཐབས་བརྒྱ་ཇུས་སྟོང་གིས་གེགས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་གེགས་ཁུལ་གྱི་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་རྨས་མར་གཟིགས་པ་དང་འཚམས་འདྲི་གནང་ནས་མི་སྣ་འཚོལ་སྐྱོབ་དང་། སྨན་བཅོས་སྐྱོབ་བཅོས། དངོས་རྫས་འགན་ལེན། འཚོ་བ་བཀོད་སྒྲིག གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་མྱུར་བཟོ་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ས་ཡོམ་བརྒྱབ་ནས་ཆུ་ཚོད་ཕྱེད་ཀའང་མ་འགོར་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་ལས་དོན་མགྱོགས་མྱུར་བཀོད་སྒྲིག་གནང་བ་དང་། དེ་རྗེས་ཡོམ་ཁུལ་གྱི་ཡུལ་དངོས་སུ་ཡོམ་འགོག་གེགས་སེལ་ལས་དོན་བཀོད་འདོམས་གནང་བར་ཕེབས་པ་རེད།
ཇོ་མོ་གླང་མའི་རི་གཤམ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱི་དམག་འཐབ་ཅིག་རྒྱག་འགོ་ཚུགས།
མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཡོང་ཆེད་ཡོམ་ཁུལ་དུ་དཔུང་སྐྱོད་བྱས་ཤིང་། ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་10ཡི་ནང་། དིང་རི་རྫོང་མི་དམངས་དྲག་ཆས་པུའུ་ཡི་མི་22ཀྱིས་ཡོམ་འཕྲོར་མ་འཛེམ་པར་ཡོམ་ཁུལ་དུ་བསྐྱོད་པ་དང་། ཆུ་ཚོད་9དང་སྐར་མ་40ལ་བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་རོགས་སྐྱོབ་སྟོབས་ཤུགས་ཡོམ་ཁུལ་དུ་འབྱོར་བ། ཆུ་ཚོད་10དང་སྐར་མ་55ལ་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་དིང་རི་རུ་འབྲིང་གི་མི་30ཡོམ་ལྟེར་འབྱོར་བ། ཆུ་ཚོད་12དང་སྐར་མ་05ལ་བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་དཔོན་དམག་200སྒྲིག་འཛུགས་བྱས་ཏེ་གྲམ་མཚོ་ཤང་དུ་འབྱོར་བ་སོགས་རེད།
ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ཤིང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་མང་ཚོགས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། རྨས་སྐྱོན་ཆུང་བའི་མང་ཚོགས་ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བྲང་ཁོག་ཕྱི་ནད་དང་། དོས་དྲག ནད་ཚབས་ལྕི་རིགས། དབང་རྩའི་ཕྱི་ནད། རྨ་ཁའི་ཚན་ཁག་བཅས་ཚུད་པའི་རིགས་གཅིག་མཁས་ཅན་མི་27གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་མཛུབ་ཁྲིད་སྐྱོབ་བཅོས་བྱེད་པར་མངགས་པ། ལོ་26ལ་སླེབས་པའི་དཀར་པོ་གྲོང་ཚོའི་གྲོང་མི་ཕུར་བུ་སྐལ་བཟང་གི་མིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པས་ཐད་འཕུར་གནམ་གྲུ་བརྒྱུད་ལྷ་སར་སྨན་བཅོས་བྱེད་པར་བསྐྱལ་བ། རྨས་སྐྱོན་ཕོག་པའི་ལོ་5ཡི་བུ་མོ་ཆུང་ཆུང་ཞིག་གནམ་གྲུར་བསྡད་དེ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ཛ་དྲག་ངང་ཁྲེང་ཏུའི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པར་སྨན་བཅོས་བྱེད་པར་བསྐྱལ་བ་སོགས་རེད།
ཚུར་སྣང་སྐྱེན་པ་དང་། ཐབས་ཇུས་འཕྲལ་ཐག་ཆོད་པ། བཀོད་སྒྲིག་ཞིབ་ཚགས་པ། བསྡུ་རུབ་མགྱོགས་པ་བཅས་ཉེན་སྐྱོབ་ཀྱི་མྱུར་ཚད་མགྱོགས་ཅིང་རོགས་སྐྱོབ་ཀྱི་ལས་ཕྱོད་ཆེན་པོར་བརྟེན་ནས་ཚེ་སྲོག་མྱུར་སྐྱོབ་བྱ་ཆེད་ཆེས་རྩ་ཆེན་གྱི་དུས་ཚོད་བརྩོན་ལེན་བྱས་ཡོད་པ་རེད།
གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གྲོང་མི་ལྷ་མོའི་ཁྱིམ་གྱི་ནང་མི་ལྔ་ཚང་མ་ཞིག་རོའི་འོག་ཏུ་ལུས། ཐོག་སོ་གཉིས་པར་ཡོད་པའི་ནང་མི་གསུམ་སྔ་རྗེས་སུ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱོབ་ཐུབ་མོད། འོན་ཀྱང་ལྷ་མོ་དང་ཁོང་གི་བུ་ཐོག་སོ་དང་པོར་བསྡད་ཡོད་པས་རོགས་སྐྱོབ་ཧ་ཅང་བྱེད་ཁག་པོ་ཡོད། རྗེས་སུ་དཔུང་སྡེ་དང་། མེ་ཟོན། སྤྱི་བདེ་སོགས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཆུ་ཚོད་གཉིས་ལྷག་ཙམ་རིང་ཛ་དྲག་རོགས་སྐྱོབ་བྱས་པ་བརྒྱུད་ཁོང་དང་བུ་བསྐྱབ་ཐུབ་པ་མ་ཟད། སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ།
“མེས་རྒྱལ་སྟོབས་ཆེན་འདི་འདྲ་ཞིག་ཏུ་འཚོ་བ་སྐྱེལ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ནི་ང་ཚོའི་མགོན་སྐྱབས་རེད། ང་དང་བུ་མུན་ནག་གི་ས་འོག་ནས་བསྐྱབས་ཏེ་སླར་ཡང་གསོན་ཐུབ་པའི་གོ་སྐབས་ཐེངས་གཅིག་སྦྱིན་བྱུང་བས། ང་ཚོ་འཚོལ་བསྐྱབས་བྱེད་མཁན་ཕྱོགས་ཁག་གི་སྟོབས་ཤུགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན” ཞེས་ལྷ་མོས་བཤད་པ་དང་། ས་ཡོམ་བརྒྱབ་ཚུན་གྱི་ཟླ་ཕྱེད་ཙམ་རིང་། ལྷ་མོའི་ནང་མི་ཚོ་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་ལྷིང་འཇགས་དང་སེམས་ཁམས་ལྷོད་པོའི་ངང་ཞིག་རོའི་ཁྲོད་ལུས་པའི་དངོས་ཟོག་གཙང་སེལ་དང་བསྡུ་གསོག་རྒྱག་བཞིན་ཡོད་ལ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་ཁྱིམ་གཞིས་འཛུགས་སྐྲུན་ཡང་བྱེད་བཞིན་ཡོད་པ་རེད།
མི་དམངས་གོང་དུ་བཀུར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་དྲོ་སྐྱིད་སྦྱིན་པ།
སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་གནང་གི་ཡོད་ཅིང་། ཟླ་1ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་སྟེ“ལས་ཀ་དེ་བས་ཞིབ་ཚགས་བསྒྲུབས་ཏེ་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི”བླང་བྱ་བཏོན་གནང་ཡོད་པ་རེད།
མང་ཚོགས་ཚོར་ལྟོ་ཆས་ཚ་པོ་ཞིག་བཟའ་ཐུབ་པ་བྱ་ཆེད། དྲག་ཆས་ཉེན་རྟོག་གཞིས་རྩེ་ཡན་ལག་རུ་ཁག་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔོན་དམག་ཚོས་ཞོགས་པའི་ཆུ་ཚོད་5པ་ནས་ལས་ལ་བྲེལ་འགོ་བརྩམས་ཏེ་དགོང་མོའི་ཆུ་ཚོད་12བར་རྒྱུན་མཐུད་ལས་ཀ་བྱས། ཁོང་ཚོས“ང་ཚོས་མང་ཚོགས་ཀྱི་དགོས་མཁོ་ཨང་དང་པོར་བཞག་སྟེ། བརྩེ་སེམས་ལ་བརྟེན་ནས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་གྲོད་པ་རྒྱགས་པ་མ་ཟད། དེ་བས་ལྟོ་ཆས་ཡག་པོ་ཟ་རྒྱུ་ཡོང་བར་བྱེད་བཞིན་ཡོད”ཅེས་བཤད།
རང་གི་ཚ་བོ་དེ་སྔ་ལྟར་གྲུང་ཤ་དོད་པར་འགྱུར་བ་མཐོང་སྐབས་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་གྲོང་མི་ཚེ་རིང་རྡོ་རྗེས་བློ་བདེ་པོའི་ངང“ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། རོགས་སྐྱོབ་མི་སྣ་མང་པོ་དེ་ལྟ་བུས་རོགས་སྐྱོབ་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། གལ་ཏེ་ཁོང་ཚོ་མེད་ཚེ་དོ་དགོང་ང་ཚོ་འཁྱག་ལྟོགས་ཀྱི་གནས་སུ་གྱར་རྒྱུ་རང་རེད”ཅེས་བཤད།
གནོད་འཚེ་ཕོག་པའི་མང་ཚོགས་ལ་འོད་སྣང་དང་དྲོ་སོབ་སོབ་ཡོང་བར་བྱ་ཆེད། ཟླ་1ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་གཏོང་ཀུང་སིའི་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་བཟང་ཕུན་ཚོགས་ཀྱིས། རོགས་སྐྱོབ་དཔུང་ཁག་ཁྲིད་དེ་གནོད་འཚེ་ཚབས་ཆེན་ཕོག་པའི་མགུ་རིང་གྲོང་ཚོར་མྱུར་བཟོ་བྱེད་པར་བསྐྱོད། ཆུ་ཚོད་བཅོ་ལྔའི་རིང་བསྟུད་མར་འབད་བརྩོན་བྱས་པ་བརྒྱུད། མགུ་རིང་གྲོང་ཚོའི་གློག་ལམ་དང་པོ་སླར་གསོ་ཐུབ་ཅིང་། དེ་གར་ཡོད་པའི་མི་རྣམས་ཀྱིས“གློག་སླེབས་སོང”ཞེས་དགའ་འབོད་བྱས།
གེགས་ཁུལ་དུ་སྐྱོད་སའི་ལམ་ཚང་མ་ཤར་གཏོང་ཐུབ་པར་བྱ་ཆེད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་མི་སྣ་དང་། འཕྲུལ་ཆས་སྒྲིག་ཆས། རླངས་འཁོར་བཅས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་ས་ཡོམ་བརྒྱབ་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོའི་ལམ་རྒྱུད་དུ་གནོད་འཚེའི་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་4ཡི་ནང་ཉིན་དེར་གཏོར་སྐྱོན་ཕོག་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པར་བྱས་ནས་རོགས་སྐྱོབ་སྟོབས་ཤུགས་དང་ཉེན་སེལ་གེགས་སེལ་གྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་མགྱོགས་མྱུར་གནོད་འཚེ་ཁུལ་དུ་སྐྱོད་ཐུབ་པར་བྱས་པ་རེད།
གནོད་འཚེ་ཆེན་པོའི་རྗེས་རིམས་ནད་ཚབས་ཆེན་མ་ཐོན་པར་བྱ་ཆེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་(ཆུས)བཅས་རིམ་པ་གསུམ་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་གནོད་འཚེའི་རྗེས་ཀྱི་རིམས་འགོག་འཕྲལ་སྡོམ་རུ་ཁག་བཙུགས་ནས་འགོ་ནད་རིགས་ཀ་པའི་ཉེན་ཁ་དཔྱད་དཔོག་དང་ཆུའི་སྤུས་ཚད་དཔེ་ལེན་དང་ཞིབ་དཔྱད་ཚད་ལེན་བྱས་པ་མ་ཟད། རིམས་འགོག་དང་དུག་སེལ་ལས་དོན་ཡག་པོ་བསྒྲུབས་པ་རེད།
སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རམ་འདེགས་བྱ་ཆེད། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱི་ལས་དོན་མི་སྣས་དུད་ཚང་རེ་རེ་བཞིན་ལ་ཁང་པ་བརྡིབས་པའི་གནས་ཚུལ་ཞིབ་བཤེར་དང་དཔྱད་དཔོག་བྱས་ཏེ་གཏོར་སྐྱོན་ཕོག་པའི་ཁང་པའི་བདེ་འཇགས་གསལ་འབྱེད་ཡག་པོ་བྱས་པ་རེད།
གནོད་འཚེའི་མདུན་དུ་བསམ་ཇུས་གཅིག་ལ་འགོད་པ་དང་། སེམས་པ་ཕྱོགས་གཅིག་ལ་གཏད་པ། ཤུགས་གཅིག་ལ་རྒྱག་པ་བཅས་བྱས་པ་ལས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ངང་དོན་ཆེན་སྒྲུབ་ཐུབ་པའི་ཁྱད་འཕགས་རང་བཞིན་མངོན་པ་སླར་ཡང་ར་འཕྲོད་བྱུང་ཡོད།
ཐོག་མའི་བསམ་འདུན་མ་བརྗེད་པར་ཉེན་སེལ་གེགས་སེལ་ཆེད་སྲ་ཞིང་བརྟན་པའི་ཀ་རྟེན་བཙུགས་པ།
གནོད་འཚེའི་མདུན་དུ་ཏང་ཡོན་མི་རེ་ངོ་རེ་ནི་དར་ཆ་ཞིག་དང་། གཞི་རིམ་ཏང་རྩ་འཛུགས་རེ་རེ་ནི་འཐབ་འཛིང་གི་བཙན་རྫོང་ཞིག་ཡིན།
གནོད་འཚེ་བྱུང་འཕྲལ་མདུན་དུ་ཤོར་མཁན་ཁོང་ཚོ་ཡིན་ཞིང་། “གྲོང་སྡོད་ལས་བྱེད་པ་ནི་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་ལས་བྱེད་པ་ཡིན་པས། གནོད་འཚེ་ཆེན་པོ་འཕྲད་སྐབས་གྲོང་སྡོད་ཧྲུའུ་ཅི་དང་པོ་ངས་ངེས་པར་དུ་མདུན་དུ་ཤོར་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་ངེས་རེད”
གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་འབྲོག་པ་སངས་རྒྱས་ཀྱི་ནང་མི་དགུ་པོར་ས་ཡོམ་ནང་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་སྟབས། གནོད་འཚེའི་གནས་ཚུལ་གྲལ་བཤེར་བྱེད་བཞིན་པའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཞུས་ཁྲའོ་ལ་རོགས་སྐྱོར་རེ་ཞུ་བྱས། ཞུས་ཁྲའོ་ཡིས་ལམ་སེང་གྲོང་ཚོའི་ལས་བྱེད་པ་སྐད་བརྒྱབ་སྟེ་ཡོམ་འཕྲོ་དང་འཇིགས་སྣང་ཡོད་ཚད་ཁྱད་བསད་བྱས་ཏེ་སངས་རྒྱས་ཀྱི་ཁྱིམ་ཡོད་སར་བསྐྱོད་ནས་རྨས་མ་རྣམས་རྒྱབ་ཏུ་ཁུར་ཏེ་གྲོང་ཚོའི་མདོའི་བདེ་འཇགས་ཁུལ་དུ་བསྐྱལ་བ་རེད།
ཁོང་ཚོ་ནི་འགན་འཁྲི་འཁུར་ཕོད་མཁན་ཞིག་ཡིན་ཞིང་། “དངོས་ཟོག་དེ་དག་མི་སེར་གྱི་ལག་ཏུ་འབྱོར་ན་ང་གཞི་ནས་བློ་བདེ་པོ་ཡོང་བ་འདུག”
ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བདེ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་གིས་རང་ཉིད་ལ་རྨས་སྐྱོན་ཕོག་པར་མི་བལྟོས་པར། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་གཅིག་ནང་ཞིང་འབྲོག་པ་ཏང་ཡོན་དང་གྲོང་སྡོད་ལས་བྱེད་པ་སོགས་རོགས་སྐྱོབ་མི་སྣ་25སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་འཕྲལ་དུ་ཁ་འགྲེམས་བྱས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གུར་20ལྷག་ཙམ་ཕུབ་ནས་གནོད་འཚེ་ཕོག་པའི་མི་སྣ་ཚང་མ་བཀོད་སྒྲིག་བྱས་པ་རེད། མཚན་མོར་མང་ཚོགས་རྣམས་བཀོད་སྒྲིག་ཡག་པོ་བྱུང་བ་དང་། ཚེ་དབང་གིས་གཞི་ནས་རྨ་ཁ་གཙང་སེལ་དང་རྨ་རས་དཀྲི་དགོས་པ་དྲན།
སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་ཁོང་ཚོ་ཡིན་ཞིང་། “དཀའ་ཉེན་བྲེལ་ལྕིའི་འགག་རྩའི་དུས་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཚོད་བགམ་བྱེད་པའི་དུས་ཡིན་ལ། ལས་འགན་དང་དམ་བཅའ་ལག་ལེན་བསྟར་བའི་དུས་ཀྱང་ཡིན། ང་ཚོ་ནི་ཏང་ཡོན་དང་ཉེན་རྟོག་པ་ཡིན་པས། མི་སེར་ལ་རོགས་རམ་བྱེད་པའི་འགན་འཁྲི་ཡོད”
བདག་བས་གཞན་གཅེས་བྱེད་མཁན་ཁོང་ཚོ་ཡིན་ཞིང་། “གནོད་འཚེ་ཐོན་སྐབས་ང་ཚོར་ངུ་ཁོམ་ཡང་མེད། ང་ནི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་ཡིན་པས། སྲོག་མགོ་ཐོན་པའི་གྲོང་མིར་ལྟ་རྟོག་ཡག་པོ་བྱེད་པ་ནི་མིག་སྔའི་དོན་དག་གལ་ཆེ་ཤོས་དེ་ཡིན”
གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱི་ཨ་མ་ས་ཡོམ་ནང་གྲོངས་པ་དང་། གཏམ་ངན་ཐོས་རྗེས་ཁོང་གིས་སྔར་བཞིན་བྲེལ་འཚུབ་ཀྱི་གོམ་སྟབས་མཚམས་མ་བཞག་པར་ཡིད་ཀྱི་གདུང་བ་དྲག་པོ་བཟོད་བསྲན་གྱིས་ཉེན་གྱར་མི་སྣ་འཚོལ་སྐྱོབ་དང་མང་ཚོགས་སྤོ་སྒྱུར་བཀོད་སྒྲིག་ལས་ལ་གཞོལ་བས། གྲོང་ཚོའི་མང་ཚོགས་ཡོངས་ཀྱི་སེམས་ཀྱི་རྟེན་སར་གྱུར་ཡོད།
གུང་ཁྲན་ཏང་ཡོན་ཞེས་པ་གང་འདྲ་ཞིག་ཡིན་ནམ་ཞེ་ན། དུས་དང་རྣམ་པ་ཀུན་ཏུ་མཐོང་རྒྱུ་ཡོད་པ་དང་། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ། ཉེན་ཁའི་དུས་སུ་མདུན་དུ་ཤོར་ཕོད་པ་བཅས་ཀྱི་མི་ཞིག་ཡིན་དགོས།
གནོད་འཚེ་ཚབས་ཆེ་ཤོས་ཐོན་ས་དང་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་སར་གུང་ཁྲན་ཏང་ཡོན་ནི་མི་དམངས་མང་ཚོགས་ཀྱི“སེམས་ཀྱི་རྟེན་ས”དང“སྙིང་ཉེ་བ”ཡིན།