ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱས་པ།
2024ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྩ་འཛུགས་ཁོངས་གཏོགས་ཀྱི་ནུས་ཕྱོད་ཆེར་གཏོང་ལོའི་ལས་ཀའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་དམ་འཛིན་བྱ་གཞི་འཚོལ་མཁས་པོ་བྱས་ཏེ། གྲོང་གསེབ་འཛུགས་སྐྱོང་གི་གཙོ་གནད་ལས་འགན་དོན་འཁྱོལ་ཞིབ་ཚགས་དང་དེར་ཕན་འབྲས་དངོས་ཐོན་པར་དམིགས་ནས་སྐུལ་འདེད་བཏང་བ་རེད།
རྩ་འཛུགས་ཀྱི་ལམ་ཕྱོགས་ལ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་པ། ཏང་རྩ་འཛུགས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱས་ནས“སྦྲ་གུར”ཏང་ཀྲི་པུའུ་དང་། “འབྲོག་ཁྱིམ་ཆུང་ངུའི”ཏང་ཚོགས་ཆུང་། “ཐོན་ལས་རྣམ་པའི”ཏང་རྩ་འཛུགས་བཅས་འཛུགས་པའི་བྱེད་སྟངས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་5དང་། ཐོན་ལས་རྣམ་པའི་ཏང་ཀྲི་པུའུ་341 ཐོན་ལས་ཏང་ཚོགས་ཆུང་23བཙུགས་པ་མ་ཟད། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དང་། མཐའ་སྲུང་རུ་ཁག་སོགས་ལ་ཏང་རྩ་འཛུགས་46བཙུགས་ཏེ། གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་དང་། ལས་ཁུངས་ཀྱིས་གྲོང་གསེབ་ཀྱི་སྣེ་འཁྲིད་པ། གྲོང་ཚོ་སྟོབས་ཆེན་གྱིས་གྲོང་ཚོ་སྟོབས་ཆུང་གི་སྣེ་འཁྲིད་པ་སོགས་རོགས་ཁྲིད་ཀྱི་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས། ལེགས་ཆ་གསབ་རེས་དང་ཚོགས་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཟམ་མི་ཆད་པར་དག་ཐེར་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་6གཏན་འཁེལ་དང་། “རྗེས་ལུས་གྲོང་ཚོ”14གྲལ་བཤེར་བྱས་ནས་ཁོང་དུ་ཆུད་ཅིང་། “ཀྲི་པུའུ་རེ་ལ་ཇུས་གཞི་རེ”དང་། “གནད་དོན་རེ་ལ་ཇུས་རེ་འདོན་པའི”བླང་བྱ་ལྟར་དག་ཐེར་གྱི་བྱ་ཐབས་52གནད་སྨིན་ངང་བཟོས་ཏེ་དེ་དག་ཚང་མ་རིམ་སྤོར་དག་ཐེར་བྱས་ཡོད།
“སྣེ་ཁྲིད”ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཡག་པོ་བྱས་ཏེ་གཞི་རིམ་གྱི་དཔུང་ཁག་ཧྲིལ་པོའི་བྱང་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་བ། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ཧྲག་འདེམས་ཧྲག་སྒྲིག་དང་། ཕུལ་བྱུང་ན་གཞོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་རྒྱུའི་རྒྱུན་རྣམ་གྱི་ལམ་སྲོལ་བཙུགས་ཏེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་17བདམས་ནས་རྫོང་དང་ཤང་ལ་སྦྱོང་བརྡར་བྱེད་པར་མངགས་པ་དང་། གྲོང་གསེབ་དར་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་མཁས་པའི་ལས་བྱེད་པ་16ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་གོ་གནས་རྒན་པའི་ལས་གནས་འཁུར་བར་བསྐོས་པ། ད་ཡོད་ཀྱི་ལས་གནས་འཁུར་རྒྱུར་འཚམ་པོ་མེད་པའི་ལས་བྱེད་པ་6དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། གཞུང་ལས་པའི་རྒྱུགས་བསྡུ(གདན་ཞུས)བྱས་ཏེ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་18སྡུད་པ་བཅས་ཀྱི་སྒོ་ནས་ཤང་དང་གྲོང་རྡལ་ལ་གྲོང་གསེབ་དར་རྒྱས་གཏོང་བའི་སྟོབས་ཤུགས་འདང་ངེས་ཡོང་བར་བྱས་ཡོད།
ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་ཕྱོགས་མཐའ་འཁྱོངས་ཡག་པོ་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ཡོང་བར་བྱས་པ། 《ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཟོས་ནས་བཀྲམ་པའི་ནང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་དང་། བྱེད་ཐབས་ཐབས་ལམ། གཉེར་སྐྱོང་དོ་དམ། རྩ་འཛུགས་འགན་ལེན་བཅས་ཁ་གསལ་བཏོན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་ཕན་འབྲེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་ལས་རྗེས་དེ་གྲོང་ཚོའི་ལས་བྱེད་པའི་ལས་རྗེས་དཔྱད་ཞིབ་བྱ་དགའི་ཁ་གསབ་དངུལ་དང་འབྲེལ་བ་བྱས་ཏེ། གྲོང་ཚོ་མཉམ་འབྲེལ་མཉམ་སྐྲུན་དང་ཚོགས་སྒྲིག་འཕེལ་རྒྱས་གཏོང་བའི་ཉམས་མྱོང་དང་བྱེད་སྟངས་མུ་མཐུད་ཟབ་ཏུ་བཏང་ནས། གཙོ་ཁྲིད་ཐོན་ལས་ཀྱི་གཙོ་གནད་ས་ཁོངས་དང་ཡུག་འབྲེལ་གྲོང་ཚོའི་ས་ཁོངས་སུ་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་5འཛུགས་རྒྱུ་འཚོལ་ཞིབ་ཀྱིས་ཐོན་ལས་རྣམ་པའི་ཏང་ཀྲི་པུའུ་341དང་། ཐོན་ལས་ཏང་ཚོགས་ཆུང་23བཙུགས་ནས་གྲོང་ཚོའི་ལས་བྱེད་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་191སོགས་ཀྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་འཛུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས་ཞབས་ཞུའི་འབབ་གཏོད་རྣམ་པ་དང་། ས་རྒྱུ་ཚོང་གཉེར་རྣམ་པ། ཐོན་ལས་སྣེ་ཁྲིད་རྣམ་པ། མ་རྐང་ནང་ཞུགས་པའི་བགོ་འགྲེམས་རྣམ་པ་བཅས་ཀྱིས་གཙོས་པའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གཉེར་སྟངས་འཕེལ་རྒྱས་བཏང་སྟེ། མང་ཚོགས་ལ་མ་རྐང་མཉམ་ལས་དང་རྒྱུ་ནོར་བོགས་གཏོགས་སོགས་ཀྱི་རོགས་ཁྲིད་བྱེད་སྟངས་བརྒྱུད་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པས། ཐོན་ལས་ཀྱི་རིན་ཐང་འཕར་མའི་ཁེ་སྤོགས་སྔར་ལས་མང་བ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ཞིང་འབྲོག་མང་ཚོགས་རང་ཉིད་ཀྱི་སྒོ་རྩ་ནས་ཐོན་ལས་ལ་བརྟེན་ནས་ཕྱུག་པོ་བརྟན་པོ་དང་ཡུན་རིང་ཆགས་ཐུབ་པ་བྱུང་ཡོད།