རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་བཟང་བའི་ངོས་འཛིན་བྱས་པ།
“གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་གདེང་ཚོད་དང་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད”
ཉེ་ཆར། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཕྱིའི་གནོན་ཤུགས་དྲག་ཏུ་སོང་བ་དང་། ནང་ཁུལ་གྱི་དཀའ་ངལ་ཆེ་རུ་སོང་བའི་ཆ་རྐྱེན་འོག 2024ལོར་ཀྲུང་གོའི་དཔལ་འབྱོར་གྱི་བསྡོམས་འབོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས། མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་130ལས་ཐོག་མར་བརྒལ་ཏེ་ལོ་གོང་མ་ལས་5.0%འཕར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་འགྲུབ་ཐུབ་པ་བྱུང་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ལས་རྣམ་པར་རྒྱལ་ཏེ་དཔལ་འབྱོར་འཕར་བའི་དམིགས་ཚད་བདེ་བླག་ངང་བསྒྲུབས་པ་ལས་མཉེན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོས་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་གཅིག་ཏུ་བསྡུ་བ་དང་མཉམ་ལས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱེད་པ་དེས་འཛམ་གླིང་དཔལ་འབྱོར་གོང་དུ་འཕེལ་རྒྱུར་གཏན་འཁེལ་རང་བཞིན་གྱི་སྟོབས་ཤུགས་བསྣན་ནས་གོ་ལ་ཧྲིལ་པོ་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་ཐུབ་པའི་ངོས་འཛིན་བྱས་ཡོད།
“ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཤུགས་དང་འཕྲོད་ནུས་ཧ་ཅང་ཆེན་པོ་ལྡན”
2024ལོར་ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་བརྟན་པོར་གནས་པ་དང་། དངོས་ཟོག་ཉོ་ཚོང་དང་། ཕྱི་དངུལ་གསོག་འཇོག བཟོ་སྐྲུན་ལས་རིགས་བཅས་ཀྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། ཞབས་ཞུའི་ཚོང་དོན་དང་། རྒྱལ་ནང་གི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་ཡང་གོ་ལ་ཧྲིལ་པོའི་ཨང་གཉིས་པར་གནས་པ་སོགས་ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ལས་རྣམ་པར་རྒྱལ་ཏེ“སྤྱི་ཡོངས་བརྟན་པོ་དང་། བརྟན་ཐོག་ཡར་འཕེལ་ཐུབ་པའི”རྒྱུགས་ལན་བཀྲག་མདངས་འཚེར་བ་ཞིག་སྤྲད་ཡོད།
“ཕྱི་ནང་གི་འགྲན་རྩོད་དྲག་པོ་འཕྲད་ནའང་། 2024ལོའི་ཀྲུང་གོའི་དཔལ་འབྱོར་ལ་སྔར་བཞིན་འཕར་ཚད་5.0%མངོན་འགྱུར་ཐུབ་ནས་མཉེན་ཤུགས་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད”ཅེས་མ་ལེ་ཞི་ཡའི“རྒྱུད་གཅིག་ལམ་གཅིག”ཨུ་ལྷན་གྱི་དྲུང་ཆེ་ལེང་ཀྲི་ཧྭ་ཡིས་བཤད་པ་དང་། ཁོང་གིས། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བར་ད་དུང་ཚོང་དོན་གྱི་གྲུབ་ཆ་བཟང་སྒྲིག་བྱུང་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་སོང་བ། དྲ་ཐོག་གི་འཛད་སྤྱོད་འཁྲུག་ཏུ་ཕྱིན་པ་བཅས་ལས་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ཡོད། གོང་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དག་གིས་མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་2025ལོར་ཚོང་དོན་མ་འཇོག་མཉམ་ལས་ལ་གོ་སྐབས་སྔར་བས་མང་བ་གཏོད་ཐུབ་རྒྱུ་ཡིན་ཚུལ་བཤད།
“གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔར་བས་རྒྱུན་མཐུད་ཆོག་ཅིང་གྲངས་འཛིན་ཅན་གྱི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་ཐེབས་རྒྱུ་རེད”
ཟླ་བའི་ལྷ་མོ་ཨང་དྲུག་པ་རྟགས་ཅན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ཐོག་མར་བླངས་ཏེ་ཕྱིར་ལོག་པ་དང་། གོ་ལ་ཧྲིལ་པོར་མྱུར་ཚད་མགྱོགས་ཤོས་ཀྱི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་CR450ཡི་དཔེ་དབྱིབས་བསྟན་པ། རྒྱལ་ཐོན་གནམ་གྲུ་ཆེན་པོ་C919ཡིས་ས་ཁུལ་གྱི་མཁའ་ལམ་དུ་ཚོང་དོན་ལས་གཉེར་དངོས་སུ་བྱེད་འགོ་བརྩམས་པ་སོགས་ལོ་གཅིག་རིང་། ཀྲུང་གོའི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་གསར་དར་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་སོང་སྟེ་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་ཡོད།
“ཀྲུང་གོར་བསྐྱོད་རིམ་བཞིན་མྱུར་བགྲོད་ལྕགས་ལམ་དང་། སྒུལ་བདེའི་གཏོང་སྤྲོད། དྲ་ཐོག་ཉོ་སྒྲུབ། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཀྱིས་ང་ལ་མྱོང་ཚོར་གསར་པ་སྦྱིན་བྱུང”ཞེས་ཨ་ཁེ་ལ་མུའུ་ཡིས་བཤད་པ་དང་། ཁོང་གིས། ཀྲུང་གོའི་མཐོ་གསར་ལག་རྩལ་གྱི་བཟོ་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་ནས་གང་སར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཤིག་མངོན་བཞིན་འདུག ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ས་གནས་ཁག་གི་དཔལ་འབྱོར་གྱི་སྒུལ་ཤུགས་ཐོག་མར་འཕེལ་ནས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ཞིབ་འཇུག་བྱས་འབྲས་གསར་ཤོས་དང་ཐོག་ཀྲུང་གོའི་ཁྲོམ་རར་སྤྱད་དེ་འགྲན་རྩོད་མཐར་ཕྱིན་ཁྲོད་ཚན་རྩལ་འདུས་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་ལས། ཀྲུང་གོའི་ཁྲོམ་རས་གསར་གཏོད་ལ་ལྕག་སྐུལ་དང་བསྟུན་མཁས་བྱས་ཚུལ་མཚོན་པ་ནི་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ཚུལ་བཤད།
པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་ཞ་ཧྭ་ཧྲེང་གིས་ཚན་རྩལ་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོའི་སྣེ་ཁྲིད་ནུས་པར་གདེང་འཇོག་ཆེན་པོ་བྱས་ཤིང་། ཁོང་གིས། ཀྲུང་གོས་མཐོ་གསར་ལག་རྩལ་འཕྲལ་མར་གཞན་སྒྱུར་གྱིས་ཚོང་དོན་ལ་སྤྱོད་གོ་ཆོད་པར་བྱས་པ་དེས་ཀྲུང་གོའི་གསར་གཏོད་དང་བཟོ་སྐྲུན་གྱི་འཇོན་ཐང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ར་སྤྲོད་བྱས་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་ལ་ལྷག་པར་ཕན་པ་ཆེ་བའི་བཟོ་རྩལ་དང་ཐོན་རྫས་སྤྱད་པར་བརྟེན་ནས་སྔར་བས་ལྗང་མདོག་དང་། རྒྱུན་མཐུད་ཆོག་པ། ཁོར་ཡུག་དང་མཐུན་འཕྲོད་བཅས་ཡིན་པའི་འཛམ་གླིང་ཞིག་གཏོད་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས།
“ཀྲུང་གོའི་སྒོ་དབྱེས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བ་བསྐྲུན་རྒྱུ་རེད”
2025ལོར་ཕྱོགས་སྐབས། ཀྲུང་གོའི་དཔལ་འབྱོར་ལ་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་ཤུགས་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད་པ་མ་ཟད། ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་མཐུན་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་འཛིན་པའི་ཡིད་ཆེས་དང་ཀྲུང་གོ་དང་མཉམ་ལས་བྱེད་པའི་ཆོད་སེམས་ལའང་འགྱུར་ལྡོག་མེད་པ་རེད།
ཉེ་དུས། ཕྱི་རྒྱལ་གྱི་མ་འཇོག་སྒྲིག་གཞི་མང་པོས་2025ལོའི་གོ་ལ་ཧྲིལ་པོའི་མ་འཇོག་ལ་ཕྱོགས་ཚུལ་ཁྱབ་བསྒྲགས་བྱས་པའི་ནང་ཀྲུང་གོའི་ཁྲོམ་རའི་མདུན་ལམ་མུ་མཐུད་བཟང་བའི་ངོས་འཛིན་བྱས་ཡོད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཅ་མ་ཀྲུང་གོར་བཅའ་སྡོད་བྱས་པ་ལས་ཕྱོགས་ཁག་གིས་ཀྲུང་གོའི་དཔལ་འབྱོར་ལ་འཛིན་པའི་ཡིད་ཆེས་བྱེད་ལུགས་དང་རེ་སྒུག་བྱ་ཚུལ་མངོན་གསལ་གྱིས་མཚོན་ཡོད། པར་ཙིར་གྱི《གླེང་སྟེགས》དུས་དེབ་ཀྱི་དྲ་ཚུགས་ཐོག་རྩོམ་ཡིག་འཁོད་པའི་ནང་། བརྟན་ཞིང་འཕར་བའི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྐྱེན་གྱིས་ཀྲུང་གོའི་ཁྲོམ་རའི་ཡིད་དབང་འགུགས་ཤུགས་ཆེན་པོ་མངོན་གསལ་དོད་དུ་ཕྱིན་ཡོད། ཕྱི་རྒྱལ་གྱི་མ་རྩ་འབོར་ཆེན་ཟམ་མི་ཆད་པར་ཀྲུང་གོར་འཇོག་པ་དེས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པའི་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད།
“ཀྲུང་གོའི་དཔལ་འབྱོར་མུ་མཐུད་འཕེལ་བ་དང་། ལྷག་པར་དུ། ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དེས་ཀྲུང་གོའི་དཔལ་འབྱོར་མུ་མཐུད་ལེགས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་མི་རིང་བར་ཀྲུང་གོར་འཚམས་འདྲིར་ཡོང་བའི་མོ་ཞི་ཁོའི་འཕྲིན་ལམ་དྲུག་པའི་བརྙན་འཕྲིན་ལས་ཁུངས་ཀྱི་འགན་འཁུར་བ་ཧུའུ་ལི་ཨོ·སའེ་སར་གྱིས་བཤད་པ་དང་། ཁོང་གིས། ཀྲུང་གོ་དང་མོ་ཞི་ཁོ་སོགས་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་ཚོང་དོན་འགྲོ་འོང་དམ་ཟབ་ཡོད་པས། མོ་ཞི་ཁོའི་ལི་དང་། མེ་སི་ཁར་གྱི་ཨ་རག ལུང་ཧེ་ལན་གྱི་ཨ་རག་སོགས་ཐོན་རྫས་ཀྲུང་གོའི་ཁྲོམ་རར་བཏོན་ནས་མོ་ཞི་ཁོའི་ཕྱིར་གཏོང་ཚོང་པ་སྔར་ལས་མང་བས་ཀྲུང་གོའི་ཁྲོམ་ར་རྒྱ་བསྐྱེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་བཤད།