ལྕགས་ལམ་གྱི་ཕུག་ལམ་སྐྲུན་པའི་ལས་ལ་བྲེལ།
ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་བང་གུར་ཐང་ཕུག་ལམ་གྱི་ཨར་ལས་མཐོང་ཐོས།
ས་མཐོའི་གྲང་རླུང་ཕུག་ལམ་དུ་ལྡང་སྟེ་ཡུན་རིང་མ་སོང་བར་ས་འོག་ཚ་ནུས་དང་འཕྲུལ་ཆས་ཆེ་གྲས་ཀྱི་ཚ་ཚད་ཀྱིས་གྲང་ངར་འཇོམ་གྱི་ཡོད། འུར་སྒྲ་གྲགས་པའི་ཕྱོགས་སུ་སྐྱོད་སྐབས་མདུན་ཕྱོགས་ཀྱི་ལས་ཡུལ་དུ་གློག་སྒྲོན་ཤིན་ཏུ་གསལ་ཞིང་། བཟོ་པ་ཚོས་རིའི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཕུག་ལམ་འདྲུ་བཞིན་ཡོད་པ་རེད།
ལོ་31ལ་སླེབས་པའི་ཁྲེང་ཁྲེན་ནི་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཡིན་པ་དང་ད་ཆ་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ས་གཤིས་སྔོན་བརྡ་རྣམ་གྲངས་པུའི་ལག་རྩལ་པུའུ་ཀྲང་ཡིན་པ་དང་ཁོང་དང་ལས་རོགས་ཚོས་ཉིན་ལྟར་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་ས་གཤིས་སྔོན་བརྡ་གཏོང་བ་དང་ཕུག་ལམ་གྱི་ས་གཤིས་གནས་ཚུལ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།
“བང་གུར་ཐང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་7833ཡོད་པ་དེ་ནི་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ས་གཤིས་རྙོག་འཛིང་ཆེ་ཤོས་ཀྱི་ཕུག་ལམ་ཞིག་རེད། ཕུག་ལམ་འདྲུས་པའི་བརྒྱུད་རིམ་ནང་ད་དུང་བྲག་རྡོ་ལྷུང་བ་དང་། འདམ་དང་ཆུ་གློ་བུར་དུ་ཐོན་པ། གནོད་ཡོད་རླངས་པ་སོགས་ས་གཤིས་གནད་དོན་མང་པོ་འཕྲད་ཀྱི་འདུག”ཅེས་ཁྲེང་ཁྲེན་གྱིས་བཤད།
ཀན་ལྷོ་ཀྲོའུ་ནི་མཚོ་བོད་ས་མཐོའི་བྱང་ཤར་གྱི་མཐའ་རུ་གནས་པ་དང་ཐོན་རྫས་ཕུན་སུམ་ཚོགས་པ་དང་ཡུལ་ལྗོངས་མཛེས་པོ་ཡོད་མོད། འོན་ཀྱང་རི་མཐོ་གཡང་གཟར་གྱི་ས་ཁམས་ཁོར་ཡུག་ལས་འགྲིམ་འགྲུལ་སྟབས་བདེ་མེད་པས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཕོག་བཞིན་ཡོད།
ཀྲུང་གོ་ལྕགས་ལམ་ཕུག་ལམ་ཅུས་ཚོགས་པའི་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ཚད་གཞི་དྲུག་པའི་རྣམ་གྲངས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་པིན་གྱིས་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”ལན་ཀྲོའུ(ཟི་ལིང)ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འགོ་ཚུགས་དུམ་བུ་ཞིག་ཡིན་པ་དང་། བསྐྲུན་རྗེས་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་འབྲེལ་མཐུད་ཐུབ་ནས་ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
ཕུག་ལམ་ཨར་སྐྲུན་བྱེད་པར་ལས་གྲྭའི་མྱུར་ཚད་ལ་བསམ་བློ་གཏོང་དགོས་ལ་ས་གཤིས་ཆ་རྐྱེན་ལ་འགྱུར་ལྡོག་ཡོང་རྒྱུར་སྔོན་འགོག་ཀྱང་བྱེད་དགོས། ལིའུ་གོ་ཞུང་ནི་ཧོ་ནན་ལྕགས་རི་རིང་པོའི་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་བློ་འདྲི་ཚད་ཡོད་ཀུང་སི་ནས་ཡིན་པ་དང་མིག་སྔར་བང་གུར་ཐང་ཕུག་ལམ་དུ་ལྟ་འདོམས་བཟོ་སྐྲུན་པའི་འགན་འཁུར་བཞིན་ཡོད། ཁོང་གི་ལས་ཀ་གལ་ཆེ་ཤོས་ཤིག་ནི་དུས་ཐོག་ཏུ་ལས་ཡུལ་གྱི་མཁའ་རླུང་གི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་པ་དང་ལས་ཡུལ་གྱི་བདེ་འཇགས་ཞིབ་བཤེར་གྱི་འགན་འཁུར་རྒྱུ་དེ་རེད།
དེ་ནི་ལིའུ་གོ་ཞུང་གིས་ལྟ་འདོམས་ལས་ལ་ཞུགས་པའི་ལོ་11པ་ཡིན་ལ་ཁོང་ཞུགས་པའི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ལྔ་པའང་ཡིན། ལིའུ་གོ་ཞུང་གིས“ཐེངས་ཤིག་མྱུར་བགྲོད་མེ་འཁོར་བསྡད་ནས་རང་ཉིད་ཞུགས་མྱོང་ཡོད་པའི་རྣམ་གྲངས་དེ་བརྒྱུད་དུས། ང་ཚོས་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་བཏིང་པའི་ལྕགས་ལམ་དེར་མེ་འཁོར་གྱིས་སྐར་ཆ་གསུམ་ནང་སྐྱོད་པ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སྤོབས་པའང་སྐྱེས་བྱུང”ཞེས་བཤད།
ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་དེ་སྔོན་དཔག་བྱས་ན། 2027ལོར་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་སྐབས་དེར་མེ་འཁོར་བང་གུར་ཐང་ཕུག་ལམ་བརྒྱུད་ཀན་ལྷོ་དང་མཐའ་འཁོར་གྱི་ལན་ཀྲོའུ་དང་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་སྦྲེལ་མཐུད་ཐུབ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ལྕགས་ལམ་ལམ་ཐིག་བརྒྱུད་ནས་མངོན་རྒྱུ་ཡིན་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་1ཚེས་21ཉིན་འབྱོར་བའི་གློག་འཕྲིན)