རང་ཡུལ་ཐོན་རྫས་ཕྱི་རུ་བྲིན་ཁ་རྒྱུག ལྗོངས་ཕྱིའི་ཐོན་རྫས་ནང་འདྲེན་ཚ་རླབས་འཕྱུར།
བོད་ཀྱི་དྲ་ཐོག་ཚོང་དོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་པ།
འགྲིམ་འགྲུལ་གྱི་རམ་འདེགས་དང་ལས་སྟེགས་ཀྱི་སྟབས་བདེའི་ཐབས་བཟང་མཉམ་སྤྱོད་བྱས་པས། བོད་ཀྱི་དྲ་ཐོག་ཚོང་དོན་སྔོན་ཆད་ཀྱི“སྒུག་རྟེན་ལེན་གསུམ”ནས་ད་ཆའི“རང་འགུལ་གསར་གཏོད”བར་གྱུར་ཅིང་། བོད་ཀྱིས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ལ་བརྟེན་པས་ཡོང་འབབ་འཕར་བ་མ་ཟད། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱང་བྱུང་ཡོད། ཉིང་ཁྲིའི་བུ་མོ་ཚེ་རིང་སྐྱིད་སོགས་ལས་གཏོད་པས་གོ་སྐབས་དམ་འཛིན་བྱས་ནས་བོད་ཀྱི་ཞིང་ལས་ཐོན་རྫས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་ཁྱབ་གདལ་བཏང་ཡོད། དྲ་ཐོག་ཚོང་དོན་གྱི་རྣམ་པ་སྣ་མང་ཅན་དང་། ཕུན་སུམ་ཚོགས་པའི“བློ་འགུག”བྱེད་སྒོ བོད་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ཐེངས་དང་པོ་ལ་སོགས་ཀྱིས་བོད་ཀྱི་དྲ་ཐོག་ཚོང་དོན་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
ད་ཆ་བོད་ཀྱི་དྲ་ཐོག་ཚོང་དོན་གོ་ལ་ཧྲིལ་པོ་ཅན་དུ་གྱུར་ཅིང་རང་ཡུལ་ཐོན་རྫས་ཕྱི་རུ་བྲིན་ཁ་རྒྱུག་པ་དང་ལྗོངས་ཕྱིའི་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་བས་དཔལ་འབྱོར་དར་རྒྱས་འགྲོ་བར་སྐུལ་མ་ཐེབས་པ་མ་ཟད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་བས་མཐོ་རུ་ཕྱིན་ནས་སྣ་མང་ཅན་གྱི་འཛད་སྤྱོད་གདམ་ག་མངོན་འགྱུར་བྱུང་ཡོད།
སྟབས་བདེའི་འགྲིམ་འགྲུལ་+དྲ་ཐོག་ཚོང་དོན་ལས་སྟེགས།
དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཉིས།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ས་ཁུལ་དང་གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་ཕྱིན་ནས་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི“ཐོགས་མེད་བགྲོད་ལམ”ཤར་གཏོང་ཐུབ་ཡོད། དེ་དང་ཆབས་ཅིག་དྲ་ཐོག་ཚོང་དོན་ལས་སྟེགས་ཆེ་གྲས་ཁག་གིས་གྲོང་མི་མང་ཚོགས་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་ཉོ་སྒྲུབ་བྱེད་སྟངས་མཁོ་འདོན་བྱས་ཡོད།
ཉིང་ཁྲིའི་བུ་མོ་ཚེ་རིང་སྐྱིད་ནི་འཕོ་འགྱུར་དེའི་ཁྲོད་ནས་ཕན་པ་ཐོབ་མཁན་གྲས་ཤིག་རེད། ཁོང་གིས་དེའི་ནང་གི་ཚོང་ལས་གོ་སྐབས་དམ་འཛིན་ཐུབ་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལྷ་སའི་ལས་ཀ་བརྟན་པོ་དེ་དགོངས་ཞུ་བྱས་ཏེ་ཕ་ཡུལ་དུ་ལོག་ནས་ཞིང་པར་རོགས་རམ་བྱེད་མཁན་སྙན་སྒྲོན་པ་གཙོ་བོར་གྱུར་ཡོད།
ཚེ་རིང་སྐྱིད་ཀྱི་ཐད་གཏོང་ཁང་གི་ཉིང་ཁྲིའི་ཀུ་ཤུ་དང་ཡིད་འོང་གི་སུར་པན་དང་སྦྲང་རྩི་སོགས་བོད་ཀྱི་ཞིང་ལས་ཐོན་རྫས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་ནི་ཐོན་རྫས་ཐད་ཤེས་རྒྱ་ཡངས་པ་མ་ཟད་ལྷག་བསམ་ཟོལ་མེད་ཀྱིས་ཐད་གཏོང་བྱེད་ཀྱི་ཡོད་པས་འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་ཡོད། ཁོང་ལ་ཐོབ་པའི་གྲུབ་འབྲས་དེ་དག་ནི་འགྲིམ་འགྲུལ་གྱིས་འདེགས་སྐྱོར་བྱས་པ་དང་ལས་སྟེགས་ཀྱིས་སྟབས་བདེ་བསྐྲུན་པ་དང་ཁ་འབྲལ་ཐབས་མེད། རྒྱུ་རྐྱེན་ཆེན་པོ་འདི་གཉིས་ཀྱི་ཐུན་མོང་གི་ནུས་པ་ལས། བོད་ཀྱི་ཞིང་ལས་ཐོན་རྫས་ས་མཐོ་ནས་ཐོན་ཏེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཁྲོམ་རར་འཚོང་ཐུབ་པ་བྱུང་ཡོད།
དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། བོད་ཀྱི་ཞིང་ལས་ཐོན་རྫས་ཡུལ་དེའི་ཁྲོམ་ར་ཙམ་མ་ཡིན་པར་དྲ་ཐོག་ཚོང་དོན་གྱི་མགྱོགས་ལམ་དུ་བསྐྱོད་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཁྲོམ་རར་བསྐྱོད་ཡོད། གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་1པོ་ནས་ཟླ་11པའི་བར་བོད་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་42.4ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་32.73%འཕར་ཡོད། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་7.44ཟིན་པའི་ནང་། དྲ་ཐོག་ཐད་གཏོང་ཚོང་དོན་གྱིས་བྱས་རྗེས་ཆེན་པོ་བཞག་ཡོད།
རྣམ་པ་སྣ་ཚོགས་+ཡིད་འགུག་བྱེད་སྒོ
དྲ་ཐོག་ཚོང་དོན་འཕེལ་རྒྱས་བྱུང་ནས་གསོན་ཤུགས་གསར་པ་རྒྱས་པ།
བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རིང་། འཚོལ་ཞིབ་བྱེད་སྟངས་སྣ་ཚོགས་དང་ཡིད་འགུག་བྱེད་སྒོ་སྤེལ་རྒྱུ་དེ་གསོན་ཤུགས་གསར་པ་འཕེལ་བར་བྱེད་པའི་འགག་རྩར་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གསར་གཏོད་བྱེད་ཐབས་རྒྱུན་ཆད་མེད་པར་བཏོན་པས། བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
བོད་ཀྱི་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་སྐབས་དང་པོ་ནི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད། དུས་ཡུན་ཉིན་24ཡི་འགྲན་བསྡུར་ནང་བོད་ཀྱི་རྫོང་དང་ཆུས་60ཙམ་གྱི་སྙན་སྒྲོག་པ་གཙོ་བོ་162ཀྱིས་ཐད་གཏོང་ཟོག་ཚོང་བྱས་པས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་སྟོང་ལས་བརྒལ་ཡོད། འགྲན་བསྡུར་ཆེན་པོས་དབྱར་རྩྭ་དགུན་འབུ་དང་། ཤ་སྐམ་པོ། ཀོ་ཤའི་ཐོན་རྫས་སོགས་བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་ཚོང་ལ་སྐུལ་ཁྲིད་བྱས་པ་མ་ཟད། འཛད་སྤྱོད་ཡར་སྐུལ་དང“བོད་ཀྱི་ཐོན་རྫས་བོད་ནས་ཐོན་པ”བྱེད་པར་སྐུལ་འདེད་གཏོང་བ་སོགས་ནས་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་སྔར་བས་གང་ལེགས་མངོན་ཡོད།
ལྷ་སའི་དྷ་ལི་སེ་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བདེ་སྐྱིད་སྒྲོལ་མ་ནི་འགྲན་བསྡུར་ཆེན་པོའི་ཁྲོད་ནས་ཕུལ་དུ་བྱུང་བ་ཞིག་རེད། ལོ་ལྔའི་གོང་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ལ་ཞུགས་རྗེས་ལོ་ལྟར་ཐད་གཏོང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་བཞི་སྟོང་ཡན་ཟིན་པས་སྲོལ་རྒྱུན་གྱི་ཕྱིར་ཚོང་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ལས་ཆེས་ཆེར་བརྒལ་ཡོད། “ཐད་གཏོང་དེས་ཁེ་ལས་དང་འཛད་སྤྱོད་པའི་དབར་འབྲེལ་ཟམ་ལྟ་བུ་ཞིག་བསྐྲུན་ཡོད་པས། ཐོན་རྫས་ཀྱི་ཕན་འབྲས་དང་འཛད་སྤྱོད་པའི་དགོས་མཁོ་གསར་པ་སྔར་བས་ཐད་ཀར་ཤེས་རྟོགས་ཐུབ་པ་མ་ཟད། ཁེ་ལས་དང་སྤུས་རྟགས་ཀྱི་འཚར་ལོངས་ལ་སྐུལ་འདེད་གཏོང་ཐུབ”ཅེས་བདེ་སྐྱིད་སྒྲོལ་མས་བཤད།
ཐད་གཏོང་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ཆེན་པོ་ཕུད། བོད་ཀྱིས་ད་དུང“འགྲེམས་ཚོགས+དྲ་ཐོག་ཚོང་དོན”སོཌ་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཡར་ཀླུང་ཚོང་འདུས་སྐབས་44པར་དྲ་ཐོག་ཚོང་དོན་གྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་2506ཟིན་པ་དང་ཁྲོམ་ཞུགས་ཚོང་ཟོག་གི་ཚོང་འགྲིག་ཚད་སྒོར་ཁྲི་67646.399ཟིན་ཡོད། རྣམ་པ་དེ་དག་གསར་གཏོད་དང་ལག་ལེན་བྱས་ནས་བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་བར་དེ་བས་སྣ་མང་ཅན་གྱི་ཐབས་ལམ་མཁོ་འདོན་བྱས་ཡོད།
ཕྱིར་ཚོང་བྲིན་ཁ་རྒྱུག་+ནང་འདྲེན་ཚ་རླབས་འཕྱུར།
བོད་ཀྱི་དྲ་ཐོག་ཚོང་དོན་གོ་ལ་ཅན་དུ་གྱུར་པ།
བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རིང་། ལྗོངས་ནང་ཁུལ་གྱི་ཐོན་རྫས་ཕྱིར་བྲིན་ཁ་རྒྱུག་པ་མ་ཟད། རྒྱལ་སྤྱིའི་ཐོན་རྫས་ནང་འདྲེན་གྱི་ཚ་རླབས་འཕྱུར་བ་དེ་གོ་ལ་ཧྲིལ་པོའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། བོད་ཀྱི་དྲ་ཐོག་ཚོང་དོན་ཟམ་མི་ཆད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ལྗོངས་ནང་ཁུལ་གྱི་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཐོན་ཏེ་འཛམ་གླིང་ཁྲོམ་རར་བཏོན་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་སྡོང་ཆུང་ཀུ་ཤུ་ནི་དེའི་ནང་གི་སྐད་གྲགས་ཆོད་པ་ཞིག་རེད། དེ་སྔ“ཐག་རིང་དུ་ལུས་ནས་སུས་ཀྱང་མི་ཤེས་པའི”སྤུས་ལེགས་ཤིང་ཏོག་དེ་ལྟ་བུ་ད་ཆ་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་བདེ་བླག་ངང་བཏོན་ཡོད། 2024ལོའི་ཟླ་1ནས་11པའི་བར་བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ནས་དུས་མཚུངས་ལས་20%ལྷག་ཙམ་འཕར་ཡོད། ལྷ་སའི་ནས་ཀྱི་ཨ་རག་དང་། གཞིས་རྩེའི་ལུག ལྷོ་ཁའི་ཀུ་ཤུ་སོགས“བོད”རྟགས་ཅན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་བས་མང་བར་རྒྱལ་སྤྱིའི་ཁྲོམ་རའི་དགའ་བསུ་ཐོབ་ཡོད།
གོ་ལ་ཧྲིལ་པོའི་རྒྱབ་ལྗོངས་ཆེན་པོའི་འོག བོད་ཀྱི་དྲ་ཐོག་ཚོང་དོན་ལ་ལྗོངས་ནང་ཁུལ་གྱི་ཐོན་རྫས་ཕྱིར་བྲིན་ཁ་རྒྱུག་པ་མ་ཟད། རྒྱལ་སྤྱིའི་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་བའི་རྣམ་པ་རིམ་བཞིན་ཆགས་ཡོད། དེས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་མ་ཟད། བོད་ཀྱི་མི་དམངས་ལ་དེ་བས་སྣ་མང་ཅན་གྱི་འཛད་སྤྱོད་གདམ་ག་མཁོ་འདོན་ཡང་བྱས་ཡོད། དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད། བོད་མི་དམངས་ཀྱིས་འཛམ་གླིང་གི་ས་གནས་ཁག་གི་སྤུས་ལེགས་ཚོང་ཟོག་གང་འདོད་དུ་ཉོ་ཐུབ་པ་དང་ཆབས་ཅིག ཁོ་ཚོས་རང་ཉིད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་སྔར་བས་རྒྱ་ཆེ་བའི་ཁྲོམ་རར་བཏོན་ནས་ཡོང་འབབ་འཕར་བའི་ཁར་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་གཏོང་ཐུབ་ཀྱི་ཡོད།