ཐོག་མའི་བསམ་འདུན་མ་བརྗེད་འགན་འཁྲི་འཁུར། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་དོན་གཉེར་བྱེད།
—— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འདུ་འགོད་ལྷུག་པོར་གླེང་བ།
རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། མི་དམངས་སྲིད་གཞུང་གིས་མི་དམངས་ལ་བྱ་བ་བསྒྲུབ་རྒྱུ་བློ་ལ་བརྟན་པོར་ངེས་པ་དང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་ལྷག་བསམ་རྣམ་དག་གིས་ཆབ་སྲིད་ལ་སྣང་ཆེན་དང་། ཧུར་བརྩོན་གྱི་བསམ་བློའི་ཐོག་ནས་ནུས་ཕྱོད་ཆེར་གཏོང་། གུས་སྐྲག་གི་བསམ་བློའི་ཐོག་ནས་ཁྲིམས་སྐྱོང་བརྩི་སྲུང་། དམ་ནན་གྱི་བསམ་བློའི་ཐོག་ནས་སྒྲིག་ཁྲིམས་སྲུང་སྐྱོང་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་པའི་ལག་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་མཁན་བཅས་ཡག་པོ་བྱེད་དགོས་པ་བཏོན་ཡོད།
“སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངས་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ‘དོན་ཆེན་བཞི’དོན་འཁྱོལ་དང‘འཛུགས་གཏོད་བཞིར’སྐུལ་འདེད་གཏོང་རྒྱུར་ཇུས་འདོན་ཤུགས་འདོན་བྱེད་པ། དངོས་འཛིན་དངོས་སྒྲུབ་དང་། མྱུར་སྒྲུབ་དམ་འཛིན། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་འགན་སྒྲུབ་ཀྱི་ཕན་འབྲས་གསར་པར་བརྟེན་ནས་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་མངོན་པར་བྱེད་ཀྱི་ཡིན” རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏང་དབན་ཅུན་གྱིས་ལོ་གསར་པའི་ལས་དོན་སྐོར་གླེང་སྐབས“རང་འཁྲིའི་ལས་དོན་དེ་ཨུ་ཡོན་གྱི་འགན་སྒྲུབ་དང་ཟུང་འབྲེལ་གྱིས་ཏང་ཡོན་ཨུ་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་བཏོན་ནས་ཏང་ཕྱིའི་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱ་རྒྱུར་ཁྲིད་སྟོན་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་གི་ལས་དོན་ཏན་ཏིག་སྤེལ་ནས་མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ནས་འགོ་བཙུགས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཅས་ཡིན་པའི་འཆི་མེད་གཡང་འཛོམས་ཀྱིས་ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་ཅེས་གསུངས།
འཆི་མེད་གཡང་འཛོམས་ཀྱིས་གོམ་སྟབས་རྗེས་མར་འཕྱོངས་རྒྱས་རྫོང་གིས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་འགན་དང་འགན་འཁྲི་ཕྲག་ཏུ་ཧུར་ཐག་འཁུར་བ། དངོས་སྒྲུབ་བརྩོན་ལེན་ལ་དམིགས་པ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་འཕེལ་བ་དང་གཞི་རིམ་བཅོས་སྐྱོང་གི་རྩ་འཛུགས་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཕྱོངས་རྒྱས་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་པ་སངས་བཀྲ་ཤིས་ཀྱིས་གོམ་སྟབས་རྗེས་མར། སྨར་ཁམས་རྫོང་གིས“བོད་ཀྱི་བཅིངས་འགྲོལ་ཐོབ་པའི་རྫོང་དང་པོའི”གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཐོག “ཏང་འཛུགས་སྐྱོང+ཞིང་རིག་ཡུལ་གསུམ+N”ཡི་ཆ་ལག་ཚང་བའི་ལྟ་བ་གཞིར་བཟུང་བོད་ཤར་ལྷོའི་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འཛུགས་སྐྲུན་བྱ་རྒྱུ་དང་། དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་ལམ་ཐིག་དེད་དེ“ཏང་དར་འོག་གི་དྲ་གྲགས་ས་ཚིགས”བཏོད་ནས། ས་ཁོངས་ཧྲིལ་པོར་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཁུལ་དང་། གསར་བརྗེའི་ཞིང་ལས་ཞིབ་སྤེལ་ཁུལ། གསར་བརྗེའི་རིག་གནས་འགྲེམས་སྟོན་ཁུལ། གསར་བརྗེའི་ཡུལ་སྐོར་སྔོན་སྤེལ་ཁུལ་བཅས་བཙུགས་ཏེ། གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ས་ཆ་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་གྱི་ཡིན་ཞེས་གསུངས་པ་རེད།