“སེམས་འབྲེལ་ཟམ་པ”བཙུགས་ནས་ལས་ཞུགས་ལམ་བུ་རྒྱ་ཆེར་གཏོང་གི་ཡིན།
—— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆུང་བདག་གིས་2025ལོའི་རང་ལྗོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་སྐོར་གླེང་བ།
2025ལོར་རང་ལྗོངས་ཀྱི་ལས་ཞུགས་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་བའི་སྐོར་ལ། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ལས་ཞུགས་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། དེའི་སྐོར་ལ་གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་བཅས་ཡིན་པའི་ཆུང་བདག་ལ་བཅར་འདྲི་ཞུས་པ་ཡིན།
ཆུང་བདག་གིས། ལས་ཞུགས་ཀྱི་ལས་སྟེགས་འཛུགས་རྒྱུ་ནི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་སྟངས་གལ་ཆེན་ཞིག་རེད། 2025ལོར་གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ“འབྲེལ་ཟམ་དང་ལམ་བུ”གཏོད་ཀྱི་ཡིན་ཞིང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམིགས་ཏེ“དཔྱིད་རླུང་བྱ་སྤྱོད”དང“ལས་ཞུགས་རོགས་སྐྱོར་ཟླ་བ”སོགས་རང་སྐྱོང་ལྗོངས་རིམ་པའི་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་400ཡན་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ། ལས་ཞུགས་ཀྱི་དགོས་མཁོར་འགན་ལེན་གང་ལེགས་བྱ་རྒྱུ་དང་། ཁྱུག་དབྱིངས་ཀྱི་ཐད་གཏོང་ལས་སྟེགས་ལ་བརྟེན་ནས་ཐད་གཏོང་ལས་གནས་ངོ་སྤྲོད་ཀྱི་བྱེད་སྒོ་སྤེལ་ཏེ་ལས་མི་སྤྱོད་མཁན་ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་ལས་ཞུགས་ཀྱི་འབྲེལ་ཟམ་གསར་པ་འཛུགས་རྒྱུ། ལས་ཞུགས་རོགས་སྐྱོར་གྱི་བྱ་སྤྱོད་སྤེལ་ནས་ལས་ཞུགས་རོགས་སྐྱོར་ལམ་ལུགས་དང་ལས་དོན་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་དམིགས་ཚད་ཡག་པོ་སྤྱོད་རྒྱུར་སྤྱི་འདོམས་བྱས་ཏེ་ལས་ཞུགས་དཀའ་བའི་མི་སྣ་གཏན་འཁེལ་ཚད་ལྡན་དང་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་སྟབས་བསྟུན་ངང་ལས་ཞུགས་ཡོང་བར་བྱས་ཏེ། བྱ་ཐབས་སྣ་མང་སྤྱད་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་5%ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱེད་ཀྱི་ཡིན་ཞེས་གསུངས།
2025ལོར་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་28ལག་ལེན་བསྟར་རྒྱུ་ཡིན་པའི་ནང་ལས་ཞུགས་ཁྱབ་ཁོངས་ཀྱི་དོན་ཚན་2ཡོད། ཆུང་བདག་གིས་དེའི་ཐད་ལ་གསལ་འགྲེལ་ཞིབ་ཕྲ་གནང་ཡོད།
2025ལོར་རང་ལྗོངས་ཀྱིས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ཁྲོམ་རར་ལས་ཞུགས་བྱེད་སྟངས་རྒྱ་བསྐྱེད་བརྟན་པོ་གཏོང་རྒྱུ་ཡིན་ཞིང་། དེའི་ཐད་ལ་ཆུང་བདག་གིས་གོམ་སྟབས་རྗེས་མའི་ལས་དོན་གྱི་འཆར་གཞི་ངོ་སྤྲོད་གནང་བ་སྟེ། ང་ཚོས་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་རྟེན་གཞི་40སྐྲུན་པའི་སྤུས་ཚད་སྔར་བས་མཐོ་རུ་དང“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་རྟེན་གཞིའི་ནུས་ཕྱོད་ཆེ་རུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མ་1200ཡན་ལྗོངས་ཕྱིར་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། ལྗོངས་ཕྱིའི་ལས་ཞུགས་ཀྱི་ལས་གནས་ཁྲི་2.2བརྩོན་ལེན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་ཞབས་འདེགས་སྤུས་ལེགས་ཞུས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་ཁྲིད་སྟོན་བྱ་རྒྱུ། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། དེ་བཞིན་ཉེ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་བཅས་དབར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་ལྗོངས་ཕྱིར་ཞིང་འབྲོག་པ་ལས་ཞུགས་ཐུབ་པའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ“བཟའ་ཟླའི་ལས་གནས་དང་། ཁྱིམ་ཚང་གི་ལས་གནས། གྲོང་ཚོ་དང་གྲོང་ལྷན་གྱི་ལས་གནས། གཉེན་ཉེའི་ལས་གནས”བཅས་ལ་བརྟེན་ནས་རང་ལྗོངས་ཀྱི་ཞིང་འབྲོག་པ་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཐུབ་པ་བྱེད་རྩིས་ཡོད་པ་རེད།