“འཛམ་གླིང་གི་ངོས་ནས་བརྗོད་ན་ཨ་ཀྲུང་འབྲེལ་བ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”
འཛམ་གླིང་དངུལ་ཁང་གི་དཔལ་འབྱོར་རིག་པ་མཁས་ཅན་ཟུར་པ་མུའུ་ཝང་ཅི·ཝ་ཅི་ལཱར་བཅར་འདྲི་བྱས་པའི་སྐོར་བཀོད་པ།
“འཛམ་གླིང་གི་ངོས་ནས་བརྗོད་ན་ཨ་ཀྲུང་གི་འབྲེལ་བ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། ཨ་ཀྲུང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་འཛམ་གླིང་ལ་སྲ་ཞིང་བརྟན་ལ་སྔོན་དཔག་ཐུབ་པའི་ཕན་པ་ཐོབ་རྒྱུ་རེད”ཅེས་དང་། མི་མང་པོས་ཨ་རི་དང་ཀྲུང་གོའི་འབྲེལ་བ་ཞི་ལྷོད་དུ་འགྲོ་རྒྱུའི་རེ་སྒུག་བྱེད་པ་དང་འབྲེལ། འབྱུང་འགྱུར་ལོ་འགའི་ནང་འཕེལ་ཕྱོགས་དེ་རྒྱུན་མཐུད་ཐུབ་རྒྱུའི་རེ་བ་ཡོད་ཅེས་འཛམ་གླིང་དངུལ་ཁང་གི་དེ་སྔའི་དཔལ་འབྱོར་རིག་པ་མཁས་ཅན་མུའུ་ཝང་ཅི·ཝ་ཅི་ལཱས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།
ཝ་ཅི་ལཱ་ཡིས། ཨ་ཀྲུང་འབྲེལ་བ་ཡག་པོ་བྱུང་ན་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཐོཌ་པ་མ་ཟད། འཛམ་གླིང་ཧྲིལ་པོར་ཡང་ཕན་ཐོཌ་ཡོད་ཅེས་དང“གལ་ཏེ་བརྟན་ལྷིང་ནི་རྒྱལ་ཁབ་ཅིག་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་རེད་ཅེས་བརྗོད་ན། འཛམ་གླིང་ཧྲིལ་པོའི་ངོས་ནས་བརྟན་ལྷིང་ནི་སྔར་བས་གལ་ཆེ་བའི་སྔོན་འགྲོའི་ཆ་རྐྱེན་རེད”ཅེས་ངོས་འཛིན་བྱས་པ་དང་འབྲེལ། པེ་ཅིང་གི་ཅིང་ཧྲེན་མཚོ་ཟས་ཁྲོམ་ར་ཡིན་ནའང་འདྲ། ཡང་ན་ཨ་རིའི་མཚོ་འགྲམ་ནུབ་མ་ནས་ཀྲུང་གོར་སྲན་ཆེན་སྐྱེལ་འདྲེན་བྱེད་སའི་གྲུ་ཁ་དང་ཡང་ན་ཁེན་ནི་ཡའི་ནེ་རོ་པིའི་ཉོ་སྒྲུབ་ལྟེ་གནས་ཡིན་ནའང་འདྲ། གང་ལྟར་ཚང་མར་ཕྱི་རོལ་གྱི་ཁོར་ཡུག་བརྟན་པོ་ཞིག་བྱུང་ན་འབྱུང་འགྱུར་ལས་དོན་འཆར་འགོད་བྱེད་བདེ་པོ་ཡོད། དེ་ཁྲོད་ལས་ཨ་ཀྲུང་མཉམ་ལས་ནི་འཛམ་གླིང་བརྟན་ལྷིང་གི་འབྱུང་ཁུངས་རེད་ཅེས་བརྗོད་པ་རེད།
“ཨ་རི་དང་ཀྲུང་གོ་གཉིས་ཀ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་ཡོད། མི་མང་པོ་དང་འདྲ་བར་ངས་ཀྱང་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སོགས་ཁྱབ་ཁོངས་གཅིག་མཚུངས་ཕྱོགས་སུ་བསྐྱོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་དང་། ཨ་རི་དང་ཀྲུང་གོས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་ཐོན་རྒྱུ་རེད། “གལ་སྲིད་ང་ཚོས་རྒྱལ་སྤྱིའི་ཚོང་དོན་གྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་འདོན་པ་མཐོང་འདོད་ན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ལྡོག་རླུང་འཕྲད་སྐབས་ང་ཚོས་ཚོང་དོན་རང་སྲུང་རིང་ལུགས་ཀྱི་ཕྱོགས་སུ་ཕྱིར་འཐེན་བྱེད་མི་རུང”“ང་ཚོས་འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་ནས་ཚོང་དོན་ཚད་ལྡན་དུ་གཏོང་གི་ཡོད། གལ་སྲིད་ཚང་མས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོང་ཧུར་ཐག་བྱས་ཚེ་འཛམ་གླིང་ཧྲིལ་པོར་ཕན་ཐོགས་ཡོང་གི་རེད”ཅེས་ཝ་ཅི་ལཱ་ཡིས་བརྗོད།
2023ལོའི་ཟླ་11པར། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། ལོ་གཅིག་ལྷག་ཙམ་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་1.5ཙམ་རྣམ་གྲངས་དེ་བརྒྱུད་ཀྲུང་གོར་ཡོང་ཡོད། ཚོང་དོན་དང་མ་འཇོག་དང་འདྲ་བར། ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་ལ་དོན་སྙིང་གཏིང་ཟབ་ལྡན་ཞིང་། དེས་མཛའ་གྲོགས་དང་མཉམ་ལས་ཀྱི་ས་བོན་འདེབས་ཐུབ་རྒྱུ་ཡིན་ཞེས་དང“སྤེལ་རེས་འདི་འདྲ་བྱུང་ན་མི་དང་མིའི་དབར་ཕན་ཚུན་རྒྱུས་མངའ་ལོན་ཤུགས་ཆེ་རུ་འགྲོ་ཐུབ”ཅེས་ཝ་ཅི་ལཱ་ཡིས་བརྗོད་པ་རེད།
2024ལོར་ཀྲུང་གོར་སྐྱོད་རིང་། ཝ་ཅི་ལཱར་བག་ཆགས་ཟབ་མོ་བྱུང་ཡོད། ཝ་ཅི་ལཱ་ཡིས་པེ་ཅིང་གི་གྲོང་ཁྱེར་འཛུགས་སྐྲུན་ལ་གསོན་ཤུགས་ཀྱིས་ཁེངས་འདུག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བག་ཆགས་ཟབ་མོ་བྱུང་། ཀྲུང་གོ་ནས་གནའ་བོ་དང་དེང་རབས་མཉམ་འདྲེས་ཀྱི་ཉམས་འགྱུར་མྱོང་ཚོར་བྱུང་། དེ་འཛམ་གླིང་གི་ས་གནས་གཞན་དག་གིས་དཔྱད་གཞིར་འཛིན་རིན་ཆེན་པོ་ཡོད་པ་ཞིག་རེད་ཅེས་བརྗོད་པ་རེད།